རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།

༄༅། །སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Shri Ram Nath Kovind མཆོག་རྒྱ་གར་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནས་དགའ་བསུའི་འཚམས་འདྲི་སྩལ་གནང་མཛད་པའི་ནང་འཁོད་དོན། འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༨ འཁོར་བཞིན་ཡོད། རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ ༡༣༠ ༠༠༠ མུ་མཐུད་གནས་བཞིན་པ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་ཡིན།

ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན།  ཞེས་ཡང་ཡང་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན་ལོ་རྒྱུས་སུ་གྲགས་ཆེ་བའི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལྟ་བུས་མཛད་པའི་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་དེས་ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད།  ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་སྲན་མ།  བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན།  དེར་བརྟེན་ཡུལ་འཁོར་ཆེན་པོ་འདི་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཙམ་མ་ཟད། དུས་རྟག་ཏུ་རྒྱ་གར་གྱི་བདེ་དོན་ཐོག་སེམས་ཁུར་སྐྱེ་བཞིན་འདུག

འཛམ་གླིང་ནང་བྱམས་བརྩེའི་ཚོར་བ་ཕྲན་བུ་ཤུགས་ཆེ་རུ་གཏོང་རྒྱུ་དང་།  ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ།  དེ་བཞིན་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་ཆོས་དང་རིག་གཞུང་།  ཁོར་ཡུག་བཅས་པ་གཅེས་འཛིན་བྱ་རྒྱུའི་ཐོག་ངོས་ཀྱི་མ་འཆི་བར་ཆོས་སེམས་བརྟན་པོས་འབད་བརྩོན་རྒྱུན་སྐྱོང་བྱ་རྒྱུ་ཡིན། དེའི་ཁར་ཉེ་ལམ་ནས་བཟུང་ངོས་ཀྱིས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་གྱི་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་བྱ་རྒྱུའི་ལས་འགན་འཕར་མ་ཞིག་བསྣན་ཡོད་སྟབས་ད་ཆ་ངོས་ལ་ལས་འགན་བཞི་ཡོད།

བསམ་བློའི་འགྲོ་སྟངས་སྐོར་ལ་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་ཧ་ཅང་ཕན་ཐོགས་ཆེན་པོ་འདུག དེའི་ཐོག་ནས་མི་མཐུན་ཕྱོགས་ཀྱི་བློར་གཉེན་པོ་བསྟེན་ཐུབ་པ་བརྒྱུད་བྱམས་པ་དང་བརྩེ་བ་སོགས་འགྲོ་བ་མིའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཧ་ཅང་འདུག    དེར་བརྟེན་གནའ་དེང་ཤེས་ཡོན་བཟུང་འབྲེལ་ཐོག་ནས་མིའི་བསམ་བློའི་ནང་ཞི་བདེ་གོང་འཕེལ་གཏོང་ཐུབ་མཁན་གྱི་ནུས་པ་ཡོད་མཁན་དེ་རྒྱ་གར་ཁོ་ན་རེད་འདུག་བསམ་པ་དྲན་བཞིན་འདུག

རྒྱ་གར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་དེ་ནི་དགའ་སྤོབས་བྱ་འོས་པ་ཞིག་ཡིན་ལ། ལར་ནས་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་གར་གྱི་སྲོལ་རྒྱུན་ལེགས་བཤད་དེ་དག་ལ་རིན་ཐང་ཇི་ཙམ་ཡོད་པ་དང་གལ་གནད་ཆེན་པོ་ཇི་ཙམ་ཡིན་པ་རིམ་བཞིན་ཤེས་རྟོག་ཐུབ་བཞིན་ཡོད། དེ་ནི་གཙོ་བོ་རྒྱ་གར་འདི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་རྒྱུ་མཚན་དུ་བྱས་པ་ཞིག་མིན་པར་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་དུ་བྱམས་སྙིང་རྗེ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་འཆམ་མཐུན་གྱི་སྤྱི་ཚོགས་སོགས་ལ་གཅེས་འཛིན་བྱ་རྒྱུའི་རིག་གཞུང་བཟང་པོ་ཞིག་ཡོད་པ་དེ་དག་ལ་བརྟེན་ནས་ཡིན།

དེང་སྐབས་འཛམ་གླིང་ནང་ཉིན་རེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་དུས་སྐབས་འདིར། རྒྱ་གར་གྱིས་སྲོལ་རྒྱུན་གཅེས་ནོར་དེ་དག་རྒྱུན་འཛིན་ཐུབ་པའི་ཐོག་ནས་གླིང་ཆེན་ཡོངས་ཀྱི་སྣེ་ཁྲིད་དེ་ཀུན་ལ་ཕན་པའི་རླབས་ཆེན་གྱི་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

སྐུ་ཉིད་མཆོག་གིས་ད་བར་སྲི་ཞུའི་ལས་ཡུན་རིང་མི་མང་གི་བདེ་སྡུག་སྤྱི་དང་ལྷག་པར་མགོན་མེད་ཉམ་ཐག་རྣམས་ཀྱི་སླད་ཞབས་འདེགས་རྒྱ་ཆེ་བསྒྲུབས་ཡོད། སྤྱིར་རྒྱ་གར་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ད་དུང་ཟས་བཅུད་དང་ཤེས་ཡོན། བྱིས་པ་སྲུང་སྐྱོབ། དེ་བཞིན་དབུལ་ཕྱུག་བར་ཁྱད་ཉུང་དུ་གཏོང་རྒྱུ། ལྐོག་ཟ་རུལ་སུངས་བཅས་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།   གནད་དོན་དེ་དག་ཐོག་ངོས་ཀྱི་དེ་སྔ་ཡང་རྒྱ་གར་དབུ་ཁྲིད་ཚོ་དང་ལྷན་གླེང་སློང་བྱས་མྱོང་ཡོད།   གང་ཡིན་བརྗོད་ན་སྤྱི་པའི་བདེ་སྡུག་ལ་བསམ་བློ་བཏང་ནས་གནད་དོན་དེ་དག་འཛེམ་ཟོན་མེད་པར་ཐད་ཀར་གདོང་དང་གདོང་གཏུག་ནས་གདོང་ལེན་བྱ་དགོས་པ་ཞིག་ཆགས་ཡོད་པ་མ་ཟད།  རྒྱ་གར་ཡར་རྒྱས་འགྲོ་ཐུབ་རྒྱུར་ཡང་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་གར་ལ་འཛམ་གླིང་སྣེ་ཁྲིད་ཐུབ་པའི་ནུས་པ་ཡོད་ལ་འོས་ཤིང་འཚམས་པ་ཞིག་ཀྱང་ཡིན།  དེར་བརྟེན་སྐུ་ཉིད་མཆོག་གིས་ནུས་པ་དེ་དག་གཅིག་ཏུ་སྒྲིལ་ཐབས་ཆེད་འབད་བརྩོན་གང་ཡོང་གནང་རྒྱུ་ཡིན་པ་གདོན་མི་ཟ། ཞེས་འཁོད།།

 

གསུང་འཕྲིན་ངོ་མ་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས་ཞུ།། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཡིག་ཚན་པས་བོད་བསྒྱུར་བྱས།