ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་བཀའ་ཆོས་དབུ་འཛུགས་མཛད།

མདུན་ངོས། / ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་བཀའ་ཆོས་དབུ་འཛུགས་མཛད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༡ ནས་ ༡༣ བར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ། དེ་བཞིན་། ངན་སོང་ཀུན་གྲོལ་གྱི་རྗེས་གནང་དང་། སྙིང་པོ་དོན་གསུམ་གྱི་ཁྲིད་དང་ལུང་བཅས་ཀྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། གསུང་ཆོས་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། 

དེ་ཡང་ཚེས་ཉིན་ ༡༡ གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་སྔོན་འགྲོའི་གསུང་ཆོས་སྩལ་དོན། དེ་རིང་འདིར་ཆོས་འབྲེལ་བྱེད་རྒྱུ་ཡིན། བོད་ལ་ཡིན་ནའང་རེད། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆོས་པ་ཚོ་ཡིན་ནའང་རེད། ང་རང་ཚོས་ནམ་རྒྱུན་ཆོས་འབྲེལ་ཟེར་དུས་གཟུངས་སྔགས་དང་ཆོ་ག་འདོན་པ་དང་། གསུང་ཆོས་རྒྱས་པ་གནང་བའི་སྐབས་དགེ་ལུགས་ཡིན་ན་ལམ་རིམ་དང་། སྤྱིར་བཏང་བཀའ་བརྒྱུད་རྙིང་མ་ཡིན་ན་བློ་ལྡོག་རྣམ་བཞི་གསུང་བཞིན་འདུག ཧ་ཅང་ཡག་པོ་རེད། ལོ་བརྒྱ་ཕྲག་མང་པོའི་རིང་མི་མང་པོར་ཕན་ཐོགས་བྱུང་ཡོད།

ངོས་རང་ལོ་རྒན་ ༨༢ ལ་སླེབས་པའི་མི་རྒན་ཞིག་ཡིན་པས་འཛམ་གླིང་གནས་ཚུལ་མང་པོ་ཞིག་མཐོང་ཡོད། ང་རང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་གང་ཟག་སྒོས་བཙན་དེ་གཙོ་བོ་ཆགས་སྟེ་བསྟན་པ་སྤྱི་བཙན་གྱི་ཐོག་ལྷོད་ཡངས་བཏང་འདུག ཅེས་སོགས་བླ་མ་སྐྱེས་ཆེན་པ་དམ་པ་ཚོས་གསུང་ཆོས་ཇི་ལྟར་གནང་བའི་ཚུལ་འགྲེལ་བརྗོད་དང་འབྲེལ། ལམ་རིམ་ཆེན་མོའི་ནང་ཆ་བཞག་པ་ཡིན་ན། བདེན་བཞི་དེ་སྐྱེས་བུ་འབྲིང་གི་སྐབས་སུ་ཉུང་ངུ་ལས་གསུང་མི་འདུག དེའི་སྔོན་འགྲོ་ཐོན་ནས་སྔགས་ཀྱི་དབང་དང་བྱིན་རླབས་གནང་རྒྱུ་གཙོ་འདོན་བྱས། ཆོས་པ་ཚོར་ཆོས་ཉམས་ལེན་བྱེད་བརྗོད་སྐབས་ལྷའི་རྣལ་འབྱོར་ཞིག་བཏོན། སྔགས་བགྲང་བ་དེ་འདྲའི་ཐོག་ནས་འགྲོ་བཞིན་པ་ཞིག་ཆགས་འདུག ཅེས་དང་།  མགོན་པོ་གང་ཉིད་མཆོག་གིས་ནམ་རྒྱུན་ཆོས་འཆད་པའི་སྐབས་སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ནང་ཆོས་ངོ་འཕྲོད་ནས་ཉམས་ལེན་བྱས་པ་ཡིན་ན་གང་ཟག་སྒོས་བཙན་དང་འབྲེལ་བ་ཡོད་པ་དང་། སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་སྐབས་བསྟན་པ་སྤྱི་བཙན་བྱས་ནས་མདོར་ན་བཀའ་འགྱུར་བསྟན་འགྱུར་གྱི་པོ་ཏི་སུམ་བརྒྱའི་ནང་དོན་ཚུར་བསྡོམས་བརྒྱབ་ནས་ངོ་འཕྲོད་དགོས་རྒྱུ་གལ་ཆེན་པོ་འདུག  ཅེས་དང་། 

གཞན་ཡང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གོང་ནས་དུས་ད་ལྟ་བར་དུ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་བཤད་རྒྱུན་ཞིག་ད་ལྟ་བར་དུ་ཡོད། ཤེར་ཕྱིན་གྱི་མདོ་དེ་བྱ་རྒོད་ཕུར་པོ་རིར་གསུངས་པ་རེད་ཅེས་ཡོངས་གྲགས་སུ་ལོ་རྒྱུས་ནང་འཁོད་མེད་པ་འདྲ།   ལྷག་པར་གསང་སྔགས་ཀྱི་ཆོས་འཁོར་དེ་དེ་བས་ཀྱང་ནང་པ་སངས་རྒྱས་པའི་ཆོས་མ་རེད། འདི་མུ་སྟེགས་པའི་ཆོས་དང་འབྲེལ་འདུག ཅེས་སྔར་ཡིན་ན་རྒྱ་གར་ནང་དེ་འདྲའི་གླེང་གཞི་མང་པོ་བྱུང་ཡོད། བོད་གངས་ཅན་གྱི་ལྗོངས་སུ་གསང་སྔགས་ཀྱི་ཆོས་ཧ་ཅང་དར་སྲོལ་ཆེན་པོ་བྱུང་ཡོད། གསང་སྔགས་ལ་རྡོ་རྗེ་སློབ་དཔོན་གལ་ཆེན་པོ་རེད། བླ་མ་གལ་ཆེན་པོ་ཆགས་པ་རེད། བླ་མས་བསྟན་པ་སྤྱིའི་རྣམ་གཞག་ངོ་སྤྲོད་བྱས་ཏེ་གཞི་རླིང་པོ་ཞིག་གི་ཐོག་ནས་གཞི་གཏིང་རྒྱུ་གང་ཡང་མེད་པར། རང་གི་བླ་མ་བརྒྱུད་པའི་ཐོག་ནས་མར་གསུངས་པས་བར་སྐབས་བོད་དུ་ཕྱི་རྒྱལ་བ་བལྟ་སྐོར་ཡོང་མཁན་ཚོས་སངས་རྒྱས་པའི་ཆོས་འདི་སངས་རྒྱས་པའི་ཆོས་ངོ་མ་མ་རེད། འདི་ནི་བླ་མའི་ཆོས་ལུགས་རེད། ཅེས་བཤད་རྒྱུ་ཞིག་བྱུང་བ་རེད། གང་ལྟར་དེ་སྔ་བོད་དུ་རིས་སུ་མ་ཆད་པའི་བཤད་གྲྭ་ཆེན་པོ་ཚོས་བསྟན་པ་སྤྱིའི་རྣམ་གཞག་གཏན་ལ་ཕབ་ནས་ཡོང་གི་ཡོད་པ་མ་གཏོགས། གཞན་ང་རང་ཚོ་མང་པོ་ཞིག་གང་ཟག་སྒོས་བཙན་གྱི་ཐོག་ཕྱིན་ནས་བླ་མའི་རིང་ལུགས་ཟེར་རྒྱུ་ཞིག་ཆགས། ལུང་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ། ཟེར་བ་ལྟ་བུ་ཆགས་ཡོང་གི་ཡོད། དེ་ལྟར་བླ་མ་རེ་ལ་དབུ་ཞྭ་མི་འདྲ་བ་བཞེས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྒོམ་རིམ་བར་པའི་གསུང་ཆོས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་གི་ལ་དྭགས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

ཐེངས་འདིའི་ནུབ་ར་བདེ་དགོན་གྱི་བཀའ་ཆོས་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས། བདེ་སྐྱིད་དགོན་གྱི་དགོན་བདག་ཁྲིག་སེ་རིན་པོ་མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་མཆོག ནུབ་ར་བདེ་སྐྱིད་གྲོང་སྡེ་ཡུལ་མི་གཙོ་བོར་གྱུར་པའི་ཉེ་འཁོར་ས་གནས་ཡུལ་མི་དང་བོད་མི། དེ་བཞིན་རྒྱ་རིགས་དང་སིངྒ་པུར། ཡུ་རོབ་སོགས་ནས་ཆོས་ཞུ་བ་བརྒྱ་ཕྲང་མང་པོ་ཆེད་བཅར་གནང་འདུག་པ་དང་། ཉིན་རྒྱབ་ཉེ་འཁོར་ཡུལ་མིའི་སློབ་གྲྭ་ཁག་གི་སློབ་མ་ཚོ་ལ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་། སློབ་མའི་ཁྲོད་ནས་དོགས་འདྲི་ཞུ་ཁག་ལ་བཀའ་ལན་ཡང་སྩལ་ཡོད་པ་བཅས།།