ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

མདུན་ངོས། / ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རུ་ཡའི་དད་ལྡན་ཆོས་ཞུ་བ་ ༧༠༠ ལྷག་གཙོ་བོར་གྱུར་པའི་རྒྱ་ནག་དང་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༣ ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་གནང་སྟེ་ཉིན་གསུམ་རིང་གི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།  

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཀོ་རི་ཡའི་འབྲེལ་ཡོད་ལས་སྣེ་དང་མཁན་པོ་སོགས་ཀྱིས་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པ་ལིའི་སྐད་དང་ཀོ་རི་ཡའི་སྐད་ཐོག་བཀྲ་ཤིས་པའི་མདོ་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། སོགས་གསུང་འདོན་རྗེས་བཀའ་སློབ་སྩལ་དོན།  

འཕགས་པ་གནས་བརྟན་པའི་སྡེ་བའི་དགེ་སློང་རྣམ་པ་ཚོ་རེད། དེ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་ཀོ་རི་ཡའི་ཆོས་གྲོགས་དང་། གང་ལྟར་འདིར་འདུས་ཡོད་པ་ཚང་མ་དང་། ཕལ་ཆེར་ཨེ་ཤ་ཡའི་ལུང་པ་ཡོངས་རྫོགས་གོ་ཏམ་བུདྷ་ཡི་རྗེས་སུ་འབྲང་མཁན་ཆགས་ཡོད་པ་རེད། ཤྲི་ལིངྐ། འབར་མ། ཐའེ་ལན། ཀམ་པོ་ཊི་ཡ་སོགས་དང་། དེ་བཞིན་ཝེ་ཏི་ནམ། རྒྱ་ནག ཀོ་རི་ཡ། ཉི་ཧོང་། བོད། སོག་པོ། ཨུ་རུ་སིའི་ཁོངས་ཀྱི་ནང་པའི་ལུང་པ་མང་པོ་ཡོད་པ་བཅས་ཨེ་ཤ་ཡའི་ལུང་པ་ཕལ་ཆེ་བ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་རེད་ཅེས་གསུངས་ཀྱི་ཡོད། བྱམས་བརྩེ་ཉམས་ལེན་བྱས་ཡོང་དུས་བཟོད་པའི་ཉམས་ལེན། ཆོག་ཤེས་ཀྱི་ཉམས་ལེན། རང་ཁྲིམས་སྲུང་བའི་ཉམས་ལེན་བཅས་ཆོས་པ་དངོས་གནས་ཤིག་བྱས་པ་ཡིན་ན་གཅིག་གྱུར་ཡོང་གི་འདུག

འཛམ་གླིང་འདིར་མི་དུང་ཕྱུར་མང་པོ་ཞིག་སོ་སོའི་ཆོས་ལུགས་ཀྱི་ཉམས་ལེན་བྱེད་མཁན་ཆགས་ཡོད། ཁྱད་པར་གཅིག་ནི་ད་ལྟ་བཤད་མ་ཐག་པའི་ཨེ་ཤ་ཡ་ས་ཁུལ་ཡོངས་རྫོགས་སུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཆགས་ཡོད། ཆོས་ལུགས་གཞན་པ་མང་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཞེས་མ་འོངས་པ་ཅི་ལྟ་བུ་ཞིག་ཡོང་མིན་དེ་རང་རང་སོ་སོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་རག་ལས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་བྱོས།། ཞེས་བཅོམ་ལྡན་འདས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ལམ་བསྟན་ཡོད། ཡིན་ནའང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དང་མ་ཐོབ་ནི་སོ་སོའི་ལག་ལེན་ལ་ཐུག་བསྡད་ཡོད་པ་རེད། ཐར་བ་རང་ལ་རག་ལས་ཤེས་པར་བྱོས་ཞེས་གསུང་གི་འདུག 

ཐར་བ་སྒྲུབ་པ་ནི་ཕྱི་ལོགས་ཤིག་ནས་ཐར་བ་སྒྲུབ་པ་དང་དག་ཞིང་གི་སྐད་ཆ་མ་རེད། ཐར་བ་ཟེར་བ་ནི། ལས་དང་ཉོན་མོངས་ཟད་པའི་ཐར།། ཞེས་གསུངས་པ་ལྟར། ལས་ཉོན་གཉིས་པོ་དེ་ལ་གཉེན་པོ་བསྟེན་པའི་སྟོབས་ཀྱིས་བཅོམ་ནས་ལས་ཉོན་གྱི་གཞན་དབང་གིས་སྐྱེས་པའི་སྟོབས་རྩ་ནས་གཅོད་པ་བྱུང་ཚེ་དེ་ལ་ཐར་བ་ཟེར་གྱི་ཡོད། དེར་བརྟེན། ཐར་བ་སྒྲུབ་པ་ནི་སོ་སོ་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་ལ་གཉེན་པོ་བསྟེན་ནས་སྤོང་བ་ཞིག་དང་། དེ་ལ་བརྟེན་ནས་ཉོན་མོངས་སྤངས་པའི་བྲལ་བ་དེ་ཐར་བ་རེད། 

ཐམས་ཅད་མཁྱེན་པའི་གོ་འཕང་ནི། ཉོན་མོངས་པའི་བཞག་པའི་བག་ཆགས་ཤེས་བྱ་ཤེས་པ་ལ་བར་དུ་གཅོད་མཁན་གྱི་ཤེས་བྱའི་སྒྲིབ་པ་ལ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་ནས་ཤེེས་བྱ་མཐའ་ཐག་མཁྱེན་པའི་ཡེ་ཤེས་གཅིག་གིས་དུས་གཅིག་ལ་མཁྱེན་པ་ཡོང་གི་ཡོད་པ་རེད། དེར་བརྟེན། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་དེ་ནི་སོ་སོ་རང་གིས་འབད་བརྩོན་བྱས་ནས་འགྲོ་དགོས་པ་ཞིག་དང་། དེ་ཡང་རྒྱུད་བླ་མར།  རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ཞེས་གསུངས་པ་ལྟར། ཕྱི་ཡི་རྐྱེན་འདས་པའི་སངས་རྒྱས་དང་། ང་ཚོ་གཙོ་བོ་ད་ལྟ་བའི་སངས་རྒྱས་བཅོམ་ལྡན་འདས་ལ་འབྲེལ་བ་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཚོན་པའི་སངས་རྒྱས་བྱང་སེམས་རྣམས་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་ཐུགས་རྗེ་ཆེན་པོ་དེས་ཀུན་ལ་ཁྱབ་པ་དང་ཀུན་ལ་གཟིགས་བཞིན་ཡོད། དེའི་ཐོག་ནས་གདུལ་བྱའི་རྒྱུད་ལ་རྣམ་དཀར་གྱི་བློ་སྐྱེ་བར་བྱིན་རླབས་རྟག་ཏུ་ཡོད་པ་ཞིག་རེད། ཅེས་དང་། 

ཡང་སྦྱོར་ལུགས་གཅིག་ལ། རང་རྒྱུད་ལ་སྐུ་བཞི་སྒྲུབ་པའི་ནུས་པ་རང་ཆས་སུ་ཡོད་པ་དེའི་སྟེང་ནས་གོ་རྒྱུ་ཞིག་ཡོད་པ་རེད། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌།། ཞེས་ང་རང་ཚོའི་དྲི་མ་དང་བཅས་པའི་སེམས་རྒྱུད་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་དེ་དང་། འབྲས་བུ་སངས་རྒྱས་ཀྱི་སའི་ངོ་བོ་ཉིད་སྐུ། གང་ལྟར་སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཆོས་ཉིད་དེ་དང་། ང་རང་ཚོའི་སེམས་རྒྱུད་ཀྱི་ཆོས་ཉིད་ལ་ཆོས་ཉིད་ཀྱི་ཆ་ནས་ཁྱད་པར་ཁྱོན་ནས་ཡོད་པ་མ་རེད། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌།། རིགས་ཡོད་ཕྱིར་ན་ཞེས་དེ་ལྟ་བུ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་ནུས་པ་མཐར་ཐུག་དེ་རང་ཆས་སུ་ཡོད་པ་རེད། དེ་ལ་རང་བཞིན་གནས་རིགས་དང་། སྐྱེ་འགྱུར་གྱི་རིགས་ཟེར་བ་སོགས་གང་ལྟར་རྩ་བ་ང་ཚོའི་རྒྱུད་ལ་ཡོད་པ་རེད། དེར་བརྟེན། གསལ་རིགས་ཀྱི་ཤེས་པ་ཡོད་པའི་སེམས་ཅན་ཚང་མར་རྣམ་མཁྱེན་གོ་འཕང་ཐོབ་པའི་རྒྱུ་ཆ་ཚང་མར་ཡོད་པ་རེད། རྣམ་མཁྱེན་སྒྲུབ་པའི་རྒྱུ་རིགས་ཞེས་པ་ལ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ཞེས་སེམས་ཅན་ཚང་མ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་རེད། ཅེས་གསུངས་འདུག དེར་བརྟེན། ང་རང་ཚོར་བརྒྱ་ཆ་ཆ་ཚང་ཡོད་པ་རེད། རྒྱུ་ཆ་དེ་བེད་སྤྱོད་བྱེད་དང་མི་བྱེད་སོ་སོར་རག་ལས་པ་རེད། 

ང་རང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ཡུལ་ཁག་གི་ཀོ་རི་ཡའི་ཁྱེད་རང་ཚོ་གཙོ་བྱས། དེ་བཞིན་ཝེ་ཏི་ནམ་དང་ཉི་ཧོང་། རྒྱ་ནག ར་ཤི་ཡའི་ཁོངས་ཀྱི་བྷོ་རི་ཡ་དི། ཁལ་མིག ཐུ་བ། བྱང་ཕྱོགས་སུ་བོད། སོག་པོ་ཕྱི་ནང་།  གང་ལྟར་དེ་དག་ལ་ནང་པའི་ཆོས་གསར་དུ་དར་བ་མིན་པར་ལོ་སྟོང་ཕྲག་གོང་ནས་ནང་པའི་རྗེས་སུ་འཇུག་མཁན་ཆགས་ཡོད་པ་རེད། དེ་རིང་མཇལ་མང་ནང་དུ་ནང་སོག་པ་ཞིག་ལ་ཐུག་སོང་། ངོས་ཀྱིས་ཁོང་ལ་ལབ་པ་ཡིན། ངོས་ཀྱི་དགེ་རྒན་གཙོ་བོ་དངོས་གྲུབ་ཚོགས་གཉིས་རེད། ནང་སོག་ཨ་བྷག་ཟེར་བ་ནས་རེད། ཅེས་སྐད་ཆ་ཞིག་བྱུང་། ངོས་ཀྱིས་སྐབས་རེར་སངས་རྒྱས་བཅོམ་ལྡན་འདས་ཨེ་ཤ་ཡའི་ཉི་མ་རེད་ཅེས་བཤད་ཀྱི་ཡོད། ཨེ་ཤ་ཡའི་ཡུལ་གྲུ་ཆ་ཚང་ལ་བཅོམ་ལྡན་འདས་ཀྱི་གསུང་གིས་ཁྱབ་འདུག དེང་སང་གི་དུས་ཚོད་ལ་འཛམ་གླིང་འདིར་རིག་གནས་ཡར་རྒྱས་ཕྱིན། མིའི་སེམས་ལ་བརྟག་དཔྱད་བྱེད་པའི་ནུས་པ་ཤུགས་ཆེ་རུ་ཕྱིན་པའི་སྐབས་སུ་སངས་རྒྱས་པའི་ཆོས་འདི་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ལ་རིགས་པས་དཔྱད་པ་བྱས། བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཀྱི་ཡོད། 

ང་རང་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འཇུག་མཁན་ཞིག་ཡིན་པས་ནང་པའི་ངོས་ནས་བཤད་པ་ཡིན་ན་བསོད་ནམས་ཆེན་པོ་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་དར་སའི་ཡུལ་ལ་སྐྱེས་པ་དང་། སྤྱི་ཚོགས་ནང་དུ་སངས་རྒྱས་པའི་ཆོས་ཀྱིས་ཁྱབ་ཡོད་པས་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་བཤད་དགོས་པ་རེད། དེར་བརྟེན། སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སློབ་སྦྱོང་བྱེད་རྒྱུ་མ་ལྡེང་བ་ཧ་ཅང་གསལ་བོ་རེད། དད་པ་བྱེད་པ་དང་། དཔེར་ན། ཤེས་རབ་སྙིང་པོ་ལྟ་བུ་བཏོན་ནས་སློབ་སྦྱོང་བྱ་རྒྱུ་ང་ཚོར་ལྡེང་གི་མི་འདུག ཅེས་སོགས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་དགུང་ལོ་བགྲེས་པོ་ཡིན་ནའང་ད་དུང་སློབ་སྦྱོང་བྱེད་བཞིན་ཡོད་པས་ཚང་མས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་འདུག་ཅེས་འབོད་སྐུལ་བྱོས་ཞེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱས་པའི་ཉིན་ཐ་མ་རེད།  འདིའི་རྗེས་ང་ཚོ་ཚང་མ་ཕྱོགས་དང་མཚམས་སུ་སོ་སོའི་སར་ཁ་གྱེས་འགྲོ་རྒྱུ་རེད། ཡིན་ནའང་། ང་རང་ཚོའི་སེམས་སུ་ཐག་རིང་པོར་འགྲོ་རྒྱུ་ཡོད་པ་མ་རེད། ང་ཚོ་ཚང་མ་སེམས་ཐག་ཉེ་བོ་བྱས་ནས། ངོས་རང་ཡིན་ནའང་ཁྱོད་རང་ཚོ་མ་བརྗེད་པར་སྡོད་ཀྱི་རེད། ཁྱོད་རང་ཚོ་ཡིན་ནའང་ང་མ་བརྗེད་པར་བྱོས། ལུས་ས་ཁད་འགྱང་ནས་འགྲོ་བཞིན་ཡོད་ཀྱང་སེམས་ནང་ནས་འབྲལ་བ་མེད་པ་བྱས་ནས་སྡོད་པ་ཡོང་གི་རེད།  ཅེས་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་དབུ་འཛུགས་དང་།  སེམས་བསྐྱེད་ངོ་སྤྲོད་དང་ཕན་ཡོན། སྡོམ་པ་འབོག་ཆོག་སོགས་ལེགས་པར་གྲུབ་རྗེས་བཀའ་སློབ་སྩལ་དོན།

སྨོན་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བ་དེ་གྲུབ་པ་བྱོས། དེ་རིང་སེམས་བསྐྱེད་གྲུབ་པ་རེད། དེ་རིང་གི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ཀོ་རི་ཡའི་ཆོས་གྲོགས་ཚོ་རེད། ཉིན་གསུམ་གྱི་རིང་ལ་ངོས་ཀྱིས་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་པ་དང་། སངས་རྒྱས་པའི་ཆོས་ཉམས་ལེན་བྱས་ན་རང་ལ་ཕན་ཐོགས་ག་ཚོད་ཡོང་གི་ཡོད་པ་ཁ་སང་དང་ཁས་ཉིན་ཞུས་ཟིན་པ་རེད།  ཉམས་ལན་ཡག་པོ་བྱེད་དགོས་པ་རེད། མཁྱེན་སོང་ངམ། དེ་ནས་སོ་སོ་གང་དུ་ཡོད་སའི་ངོ་ཤེས་ཚང་མར་སེམས་པ་བཟང་པོ་བྱེད་དགོས་པ་རེད་ཅེས་བསླབ་བྱ་བྱོས། 

ངོས་ཀྱི་ལས་འགན་དང་པོ་དེ་འཛམ་གླིང་འདིའི་མི་ཚང་མ་བྱམས་བརྩེ་ལྡན་པ་ཞིག་བྱུང་རོགས་བྱས་ན་འཛམ་གླིང་འདིར་དམག་འཁྲུག་རྒྱག་པ་དང་། གཅིག་གིས་གཅིག་ལ་དབང་ཡོད་དང་ཐུབ་ཚོད་བྱེད་པ་རིམ་བཞིན་ཉུང་དུ་འགྲོ་བ་རེད། ངོས་རང་མི་ཞིག་ཡིན་པའི་ཆ་ནས་ལས་འགན་དང་པོ་ནི་འཛམ་བུ་གླིང་འདིར་བྱམས་བརྩེ་གོང་སྤེལ་བྱེད་པ་ཞིག་དང་། དེའི་གཞི་རྩ་ནི་ཚན་རིག་པས་ཀྱང་བཤད་ཀྱི་འདུག ང་ཚོ་མིའི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། ང་ཚོ་མི་སྒེར་སོ་སོ་འཚོ་བ་དེ་ཉིད་གཞན་ནམ་སྤྱི་ཚོགས་ལ་བརྟེན་ཡོད་པ་རེད། དེར་བརྟེན། བྱམས་བརྩེ་ནི་སྐྱེས་པའི་ཉིན་མོ་ནས་ཨ་མའི་བྱམས་བརྩེས་བསྐྱངས་པ་རེད་ལ། སོ་སོ་ཡིན་ནའང་བྱམས་བརྩེའི་རང་བཞིན་ཡོད་པ་ཞིག་ཡིན་པས་དེ་གཞི་ལ་བཞག་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ངོས་ཀྱི་ལས་འགན་དང་པོར་བརྩི་བཞིན་ཡོད། 

ལས་འགན་གཉིས་པ་ནི། ཆོས་ལུགས་ཚང་མ་མཐུན་པོ་བྱེད་པ་དེ་ཡིན། 

ལས་འགན་གསུམ་པ་ནི། བོད་ཀྱི་སྐོར་ཡིན། བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་གཅིག་པུ་མ་རེད། ད་ལྟ་ངོས་ཀྱིས་བཤད་བཞིན་པ་ནི་ནཱ་ལེནྡྲའི་ཤེས་ཡོན་བོད་ལ་དར་ཡོད་པ་དེ། ང་ཚོ་བོད་པས་བདག་པོ་བརྒྱབ་ནས་དུས་ད་ལྟའི་བར་དུ་སྲུང་བསྡད་པ་རེད། དེ་ལྟ་བུའི་ཤེས་ཡོན་དེ་དངོས་གནས་འཛམ་གླིང་སྤྱི་ལ་ཕན་ཐོགས་པ་ཞིག་ཡོད་པ་ཡིན་པས་ཁྱོད་རང་ཚོ་ལའང་ཉིན་ཁ་ཤས་ལ་ཐུག་པ་ཡིན་པས་ངོས་ཀྱིས་བཤད་པ་དེ་ངོས་རང་འཇོན་དྲག་པའི་སྐད་ཆ་མ་ཡིན་པར་ངོས་རང་ཆུང་ཆུང་སྐབས་ནས་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱས་ནས་བྱུང་བ་རེད། དེར་བརྟེན། དེ་ནི་བོད་ཀྱི་རིག་གཞུང་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་ཤེས་ཡོན་ཆགས་ཀྱི་ཡོད། དེ་ལྟ་བུའི་ཤེས་ཡོན་དེ་འཛམ་གླིང་གི་སྤྱི་ནོར་རེད་ཅེས་བཤད་ཐུབ་ཀྱི་རེད། དེར་བརྟེན། ཁྱོད་རང་ཚོས་དེ་སེམས་ལ་ཞོག ག་ཚོད་ཐུབ་ཐུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་འདི་རླབས་ཆེན་པོ་དང་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་རེད་འདུག་ཅེས་གྲོགས་པོ་མང་པོར་བཤད་ཐུབ་པ་ཞིག་མཁྱེན་སོང་ངམ། 

ལས་འགན་བཞི་པ་ནི། ང་ཚོའི་ཤེས་ཡོན་འདི་དག་རྒྱ་གར་ནས་ཡོང་བ་རེད། དེར་བརྟེན། ནམ་རྒྱུན་ང་ཚོས་རྒྱ་གར་འཕགས་པའི་ཡུལ་ཟེར་གྱི་འདུག རྒྱ་གར་ལ་ཕ་མེས་ནས་ཡོད་པའི་རིག་གཞུང་དེ་དུས་རབས་གསར་པའི་རྒྱ་གར་ནང་དུ་སླར་གསོ་ཐུབ་པ་ཞིག་ལ་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། ཁྱོད་རང་ཚོ་ཚང་མ་ངོས་ཀྱི་ཆོས་གྲོགས་ཆགས་ཀྱི་ཡོད་པ་རེད། སློབ་མ་ཟེར་ནའང་འདྲ། ཆོས་གྲོགས་ཟེར་ནའང་འདྲ། དེར་བརྟེན། ངོས་ཀྱིས་ལས་འགན་ནམ་སེམས་ཁུར་བྱེད་བཞིན་པ་འདི་རྣམས་ཁྱོད་རང་ཚོས་ཀྱང་སེམས་ལ་ཞོག ག་ཚོད་ཐུབ་ཐུབ་ཀྱིས་རོགས་བྱེད་རོགས། བཀྲ་ཤིས་བདེ་ལེགས། ལོ་རྗེས་མར་མཇལ་ཡོང་། ཞེས་བཀའ་སློབ་སྩལ་རྗེས་མཎྚལ་རྟེན་གསུམ་ཕུལ་ཏེ་ཐེངས་འདིའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།