སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ལ་དབུ་བཞུགས་དང་བློ་གླིང་གྲྭ་ཚང་གིས་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར།

མདུན་ངོས། / སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ལ་དབུ་བཞུགས་དང་བློ་གླིང་གྲྭ་ཚང་གིས་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ལ་དབུ་བཞུགས་དང་བློ་གླིང་གྲྭ་ཚང་གི་འདུ་ཁང་དུ་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་གཟིམ་ཁང་ནས་སྒོ་མང་གྲྭ་ཚང་གི་འདུ་ཁང་ནང་གི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་༸ཞབས་སོར་བཀོད་དེ་གྲྭ་ཚང་གི་འཛིན་གྲྭ་རིམ་པས་རྒྱལ་བ་འགྱེས་པའི་མཆོད་སྤྲིན་གྱི་ཚུད་དུ་དབུ་མ་རིགས་ཚོགས་ཀྱིས་མཚོན་པའི་གཞུང་ཚན་ཁག་གི་རྩོད་རྒྱུགས་སྤྱན་འབུལ་ཞུས་ཡོད་པ་དང་། རྩོད་རྒྱུགས་ཀྱི་མཛད་རིམ་ལེགས་པར་གྲུབ་རྗེས། ཆུ་ཚོད་ ༡༡།༠༠ སྟེང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེས་རྣམ་གཉིས་ཀྱིས་གཙོས་དཔལ་ལྡན་འབྲས་སྤུངས་དགོན་པའི་མཁན་ལས་ཟུར་གྲྭ་མང་དང་བཅས་པས་སྤེས་སྣེ་དང་བཅས་ཆིབས་འཁོར་ལས་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ་དང་། དེར་རྒྱ་གར་གྱི་ཆོས་ལུགས་མི་སྣ་སོགས་ཁག་ཅིག་ལ་མཇལ་ཁ་དང་འབྲེལ་རྒྱ་གར་གནའ་བོའི་ལེགས་བཤད་གལ་ཆེ་ཚུལ་དམིགས་བསལ་བཀའ་སློབ་སྩལ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་འདུས་མང་ཡོངས་ལ་བཀའ་སློབ་སྩལ་དོན། 

གནས་བརྟན་བགྲེས་སོང་ཚོ་དང་བླ་སྤྲུལ། ཁྱོད་ཚོ་ཕལ་ཆེར་སྦྱིན་བདག་ཡིན་པ་འདྲ། ཁྱོད་ཚོ་ཚང་མ་ཕེབས་ཡོད་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་གྲྭ་ཚང་འདིའི་ཡིག་ཆ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་ཧ་ཅང་གནད་ཆེན་པོ་རེད། ངོས་རང་གིས་ཡུམ་དོན་གསལ་བའི་སྒྲོན་མེ་རྟག་ཏུ་ཀློག་བཞིན་ཡོད། ཧ་ཅང་ཡག་པོ་འདུག ངོས་ཀྱིས་རྒན་ཉི་མའི་སྐུ་མདུན་ནས་ཞལ་ལུང་ཞུས་པ་ཡིན། ངོས་ཀྱི་དགེ་རྒན་གཙོ་བོ་གླིང་རིན་པོ་ཆེ་རེད། གླིང་རིན་པོ་ཆེ་ཡིས་བློ་གླིང་ཡིག་ཆར་ཧ་ཅང་གཙིགས་ཆེན་པོ་གནང་གི་རེད། ཡང་ངོས་ཀྱིས་རྒན་ཉི་མའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུས་པ་རེད། རྒན་ཉི་མས་འཇམ་དབྱངས་བཞད་པའི་ཡིག་ཆ་ལ་གཙོ་ཆེ་ཤོས་བྱེད་གནང་གི་རེད། གླིང་རིན་པོ་ཆེས་རྩེད་ཐང་པཎ་ཆེན་ཞེས་ངོས་ཀྱིས་འཇམ་དབྱངས་བཞད་པའི་ཡིག་ཆ་ཞུས་ན་ཡོངས་འཛིན་རིན་པོ་ཆེ་ནས། འོ་རེད་རྩེ་ཐང་པཎ་ཆེན་ཁྱོན་ནས་འདྲ་གི་མ་རེད་གསུང་གི་རེད། རྒན་ཉི་མས་ཡང་ཀུན་མཁྱེན་བླ་མའི་ཡིག་ཆ་གཙོ་ཆེ་གནང་གི་རེད། དེ་འདྲ་རེད། 

གང་ལྟར་མཁས་མང་བློ་གསལ་གླིང་གྲྭ་ཚང་ཞེས་འབྲས་སྤུངས་ལ་མཚོན་ན་འབྲས་སྤུངས་ཕོ་བྲང་གི་ཞོལ་བྱང་ངོས་ན་བློ་གསལ་གླིང་གི་ཆོས་ར་ཡོད་པ་རེད། དངོས་ནས་ཆོས་ར་དེའི་ནང་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད་པ་རེད། དུས་ཕྱིས་སུ་མཚན་ཞབས་གནང་མཁན་གཅིག་དེ་རྒན་ཏྲེ་བོ་སྐྱོར་དཔོན་རེད། ཕྱག་དཔེ་ཧ་ཅང་ཡག་པོ་ཡོད་པ་རེད། བྱ་བྲལ་བྱས་ནས་བཞུགས་པ་རེད། ང་ཚོ་བཙན་བྱོལ་པ་ཆགས་ནས་བཙན་བྱོལ་བའི་མིང་འཁུར་ནས་ཐབས་སྐྱོ་བོ་ཞིག་རེད་དེ། དངོས་ནས་དྲང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཏན་ལ་ཕབས་པ་མུ་འཐུན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཙོ་བོ་ང་ཚོའི་གདན་ས་དག་རེད། ཁྱོད་རང་ཚོས་དཀའ་ངལ་ལ་མ་འཛེམས་པར་ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞེས་ཞུས་རྒྱུ་ཡིན། 

ཁྱོད་རང་ཚོ་སྦྱིན་བདག་ཚོ་ཡིན་ན་ཡང་སློབ་གཉེར་ཁང་ཆེན་པོ་ལོ་རྒྱུས་ནང་ན་སྐད་གྲགས་ཡོད་པ་ཚོའི་ཐོག་ལ་ཞལ་འདེབས་ཆེ་ཆུང་བྱས་ཡོད་པ་རེད། དངུལ་ཞལ་འདེབས་སྤྲོད་ས་མ་ནོར་བ་རེད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་རྒྱུ་ཡིན། བཀྲ་ཤིས་བདེ་ལེག། ཞེས་བཀའ་སློབ་ཟབ་མོ་སྩལ་རྗེས་རྒྱལ་བའི་གཟིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། 

གནས་ཚུལ་གཏོང་མཁན། ངག་དབང་ཉི་མ་ལགས།