གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་པ།

མདུན་ངོས། / གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་ཆུ་ཚོད་ ༡།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཉིན་བཅུ་གྲངས་ཀྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་ནས་གྷ་ཡ་གནམ་ཐང་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་པ་ཡོད་པ་རེད། 

དེ་ཡང་བི་ཧར་མངའ་སྡེའི་གྷ་ཡ་རྫོང་གི་གནམ་ཐང་ནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་བརྒྱ་ཕྲག་མང་པོས་བདུག་སྤོས་དང་མཇལ་དར་བསྣམས་ནས་ཕེབས་བསུ་བྱས་པ་དང་། དགའ་ལྡན་འཕེལ་རྒྱས་གླིང་གི་རྒྱལ་སྒོ་རུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་། གཟིམ་ཆུང་དུ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་མཇལ་དར་ཕུལ་བ་དང་བཅས་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། 

སང་ཉིན་ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་མཆོད་རྟེན་ཆེན་པོར་མཆོད་མཇལ་ཏུ་ཕེབས་རྒྱུ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་དབུ་བཙུགས་ཏེ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་དང་། ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།  ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་འདས་ལོར་དབུ་འཛུགས་གནང་བའི་འཇམ་དབྱངས་ཆོས་སྐོར་འཕྲོ་སྐྱོང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་རྒྱ་ཆེར་མཛད་རྒྱུ་ཡིན་པ་བཅས།