འཇམ་དབྱངས་ཆོས་སྐོར་ལས་འཇམ་དཔལ་ནང་སྒྲུབ་དང་། སྒྲོལ་དཀར་རྗེས་གནང་བཀའ་དྲིན་སྩལ་བ།

མདུན་ངོས། / འཇམ་དབྱངས་ཆོས་སྐོར་ལས་འཇམ་དཔལ་ནང་སྒྲུབ་དང་། སྒྲོལ་དཀར་རྗེས་གནང་བཀའ་དྲིན་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་འདས་ལོར་གནང་འཕྲོར་ལྷག་པའི་འཇམ་དབྱངས་ཆོས་སྐོར་ལས་འཇམ་དཔལ་ནང་སྒྲུབ་རྗེས་གནང་དང་། སྒྲོལ་དཀར་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ཙལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་སྤོས་སྣེས་མདུན་བསུ་དང་བཅས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཁན་རིན་པོ་ཆེས་རྟེན་གསུམ་འདེགས་འབུལ་དང་། དེ་ནས་རྩྭ་མཆོག་གྲོང་ནས་ཕེབས་པའི་ཐའེ་ཡི་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་རྗེས་ཉི་ཧོང་གི་དགེ་འདུན་པ་དང་མི་སྐྱ་ཁག་གཅིག་གིས་ཉི་ཧོང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་བཞིན་སོག་པོའི་དགེ་འདུན་པ་དང་མི་སྐྱ་ཁག་གཅིག་གིས་བོད་ཡིག་ལས་སོག་སྐད་དུ་འགྱུར་བའི་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས། དེ་རིང་ནས་ཉིན་གསུམ་རིང་ན་ནིང་མགོ་བཙུགས་པའི་འཇམ་དབྱངས་ཆོས་སྐོར་གྱི་འཕྲོས་འཇམ་དབྱངས་ཕྱི་ནང་གསང་གསུམ་གྱི་ཁ་ཤས་ཤིག་འདུག དེ་འདོན་རྒྱུ་ཡིན། འཇམ་དབྱངས་ཆོས་སྐོར་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་མར་བརྒྱུད་པ་དང་། ཁོང་ནི་ཆུང་ཆུང་སྐབས་སུ་ལུག་རྫི་གནང་སྐབས་འཇམ་པའི་དབྱངས་ཀྱི་སྐུ་ནག་པོ་ཞིག་མདུན་དུ་བཞུགས་པ་བྱུང་བ་རེད། དེ་ནས་བཟུང་ནམ་སྟོད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་མཇལ་བ་ཞིག་བྱུང་བ་རེད། དེ་ནས་འཇམ་དབྱངས་ཆོས་སྐོར་བྱུང་བ་རེད། ངོས་ཀྱིས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། 

རྗེ་བཙུན་འཇམ་པའི་དབྱངས་ནི་ང་ཚོས་ནམ་རྒྱུན། གཞོན་ནུ་སྐུ་ལུས་འཆང་བ་པོ།། ཤེས་རབ་སྒྲོན་མེའི་རབ་ཏུ་བརྒྱན།། འཇིག་རྟེན་གསུམ་གྱི་མུན་སེལ་བ།། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པ་ལྟར། འཇིག་རྟེན་གསུམ་གྱི་མུན་པ་སེལ་ཞེས་པ་ནི་ཕྱི་ཡི་མུན་པ་སེལ་བའི་སྐད་ཆ་མ་རེད། ནང་གི་མ་རིག་པ་དང་དེས་བཞག་པའི་བག་ཆགས་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤིས་པའི་མུན་པའི་ཚོགས་སེལ་བ་ལ་འཇིག་རྟེན་གསུམ་གྱི་མུན་སེལ་བ་ཞེས་དང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོ་དད་པ་གཅིག་པུའི་ཐོག་ཕྱིན་ན་འགྲིག་གི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཚོ་ཁ་སང་ཞུས་པ་ལྟར། སོ་སོས་བསམ་བློ་བཏང་ནས་ཆོས་རིག་པའི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སེམས་རྒྱུད་འདུལ་ཐབས་བྱེད་པ་ཞིག་རེད། དེར་བརྟེན། རིགས་པས་དཔྱད་པ་བྱེད་པ་གལ་ཆེན་པོ་ཡིན་པས་ཤེས་རབ་གལ་ཆེན་པོ་རེད། ཤེས་རབ་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་རྩོད་པ་རྩོད་མཁན་ཚོས་བསམ་བློ་ཡག་པོ་བཏང་ནས་ཕྱིན་པ་ཡིན་ན་ལུང་ཙམ་ལ་རྟེན་པ་མ་ཡིན་པར་འདི་དག་སླེབས་ཀྱི་ཡོད། དེར་བརྟེན། ཤེས་རབ་ཀྱི་གྲོགས་ཡག་ཤོས་སམ་ནང་གི་མུན་པ་སེལ་བའི་གྲོགས་ཡག་ཤོས་ནི་གཞུང་ཆེན་ལ་སློབ་གཉེར་གནང་ན་ཤེས་རབ་ཆེ་གསལ་མྱུར་ཟབ་བཅས་པ་དེ་ནས་ཡོང་གི་ཡོད། ཧ་ཅང་གལ་ཆེན་པོ་རེད། 

དེ་རིང་འདིར་གྲྭ་ས་ཁག་ནས་ཕེབས་པའི་དཔེ་ཆ་བ་མང་པོ་ཡོད་པ་རེད། ཁ་སང་ནས་ཞུས་ཟིན་པ་ལྟར། ང་ཚོའི་གངས་ཅན་ལྗོངས་ལ་བཀའ་དྲིན་ཅན་གྱི་མཁན་སློབ་ཆོས་གསུམ་ཞེས་གཙོ་བོ་མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་ལྟར། ཚད་མ་རིག་པའི་ཐོག་ནས་འགྲོ་བ་དེ་ནི་དེང་སང་གི་དུས་ཚོད་ལ་འཛམ་གླིང་འདིར་ནང་པ་མང་པོ་ཡོད་ཀྱང་། ཆོས་རིག་པའི་རྣམ་འབྱེད་ཀྱི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་མཁན་ནི་ཕལ་ཆེར་བོད་གཅིག་པུར་མ་གཏོགས་ཡོད་པ་མ་རེད། སྔ་མོ་ཡིན་ན་སོག་པོར་ཡོད་ཀྱང་ཉམས་པ་རེད། དེར་བརྟེན། རང་ཉིད་ཀྱི་བློ་ཡི་མུན་པ་སེལ་བར་གཞུང་ཆེན་ལ་སྦྱང་ནས་རྟགས་བསལ་བཏང་སྟེ་སྦྱང་དགོས་པ་རེད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཞེས་པ་དེ་ཡང་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་འཆད་པའི་ཤེས་རབ་དང་རྩོམ་པའི་ཤེས་རབ་ཡག་པོ་ཡོད་པ་ཡིན་ནའང་། དཔྱད་པ་བྱེད་སྐབས་ཆེན་པོ་བཤད་རྒྱུ་མེད་པ་ལྟ་བུ་ཡིན་ན་རྩོད་པའི་ཤེས་རབ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས། ངོས་ཀྱིས་དེ་རིང་གི་འཇམ་དབྱངས་ཆོས་སྐོར་གྱི་སྒྲུབ་ཞག་བྱེད་རྒྱུ་དང་དེའི་རིང་ཁྱོད་རང་ཚོས་ཨ་ར་པ་ཙ་བསག་ནས་སྡོད་ཅེས་བཀའ་ཕེབས་པ་དང་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་མཛད། 

སྒྲུབ་ཞག་གྲུབ་མཚམས་རྗེས་གནང་གི་སྔོན་འགྲོའི་བཀའ་སློབ་སྩལ་དོན། ངོས་ཀྱིས་དབང་ལུང་རྗེས་གནང་སྐབས་སུ་དྲ་རྒྱའི་ནང་ཡུལ་ལུང་མང་པོར་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། དེ་རིང་ཡང་ཡུལ་ལུང་འདྲ་མིན་དུ་དྲ་རྒྱའི་ཐོག་ནས་དོ་སྣང་གིས་ཉན་སྡོད་མཁན་ཡོད་པ་ཡིན་པས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། ཁྱོད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་མཁན་གྱི་མི་རིགས་འདྲ་མིན་གྱི་དད་ལྡན་ཚོས་ཀྱང་འདུན་པ་རྩེ་གཅིག་པའི་ཐོག་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཟེར་བ་ཞིག་གནང་གི་ཡོད་པ་རེད། དགག་བྱ་ཡོད་ནས་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པ་ཚོར་འཕྲིན་གྱི་སྒོ་ནས་བསྙེན་རྫོགས་སྒྲུབ་པ་ཡོང་གི་ཡོད་པ་རེད། དེ་དུས་ཁ་པར་ཡོད་པ་མ་རེད། དུས་ཡུན་གང་འཚམ་འགོར་གྱི་ཡོད་ཀྱི་རེད། དེང་སང་གློག་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་འགྱང་མེད་པ་ལྟ་བུ་ཆགས་ཡོད་པས་ཁྱོད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་མཁན་དད་པ་ཅན་ཚང་མར་དབང་དང་རྗེས་གནང་འདི་དག་ཐོབ་ཀྱི་རེད། ངོས་ཀྱིས་དེ་ལུགས་སྨོན་ལམ་རྒྱག་གི་ཡིན། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་འདུལ་བའི་ལག་ལེན་ཞིབ་ཚགས་པོ་ཡོད་པ་རེད། དེ་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་པ་ཞིག་ཡིན་པས་དེ་རིང་འདིར་དག་སྣང་གི་ཆོས་སྐོར་སྔགས་བླ་མེད་དང་འདྲེས་པ་ཞིག་ཆགས་ཡོད་པ་རེད། དེར་བརྟེན། དབང་དང་རྗེས་གནང་གི་གྲས་ངེས་པར་དུ་ཐོབ་ཀྱི་རེད། དེ་ལུགས་བསམ་བློ་ཐོངས། ཞེས་བཀའ་སློབ་སྩལ་རྗེས་འཇལ་དཔལ་ནང་སྒྲུབ་ཀྱི་རྗེས་གནང་དངོས་གཞིའི་རིམ་པ་ལེགས་པར་སྩལ་བ་དང་། ཆུ་ཚོད་ ༡༠།༢༥ ཙམ་ལ་འཇམ་དཔལ་ནང་སྒྲུབ་ཀྱི་རྗེས་གནང་ལེགས་པར་གྲུབ་མཚམས་མི་མང་བྱིངས་ཀྱིས་སྒྲོལ་མའི་གཟུངས་སྔགས་གྲངས་གསོག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ལྷ་སྒྲོལ་དཀར་གྱི་རྗེས་གནང་གི་སྒྲུབ་ཞག་མཛད་དེ་རིམ་བཞིན་དངོས་གཞི་ལེགས་པར་གྲུབ་མཚམས་འཇམ་དབྱངས་ཆོས་སྐོར་འཕྲོ་སྐྱོང་གི་ཉིན་དང་པོའི་གནང་སྒོ་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།