འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩལ་བ། 

མདུན་ངོས། / འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩལ་བ། 

༄༅། །ཕྱི་ལོ་༢༠༢༠ ཟླ་བ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བ་རུ་འདས་ལོར་དབུ་འཛུགས་གནང་བའི་འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩལ་ཏེ་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་༧།༤༠ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་དད་ལྡན་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་དང་། སྐབས་དེར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཚན་རིག་དང་མཉམ་དུ་གོམ་པ་སྤོ་ཐུབ་པ་དང་། བོད་དང་རྒྱ་ནག་གི་ནང་པའི་ཆོས་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ཡིན་པས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་ད་ལྟ་དགུང་ལོ་ ༨༤ ཟིན་ཡོད་ཀྱང་མུ་མཐུད་སློབ་གཉེར་གནང་བཞིན་ཡོད་སྐོར་བཀའ་ཕེབས་པ་དང་འབྲེལ། ཁྱོད་རང་ཚོ་ཕར་ལོག་ནས་ངོས་ཀྱིས་ཅི་ཞིག་བརྗོད་ཀྱི་འདུག་ཅེས་འདྲི་མཁན་ཚོར་སློབ་སྦྱོང་བྱོས་ཞེས་སྐུལ་མ་གཏོང་བཞིན་འདུག་ཅེས་བཤད་དགོས་པ་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་སྦྱོང་བྱས་པ་ཡིན་ན་ད་དུང་ལོ་བརྒྱ་ཕྲག་གཅིག་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་པ་སོགས་བཀའ་སློབ་སྩལ་བ་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ། 

དེ་ནས་ཐོག་མར་རྗེ་ཙོང་ཁ་པའི་དྲུག་བརྒྱའི་རྗེས་དྲན་ཆེད་རྩོམ་ཡིག་འགྲན་བསྡུར་གྱི་གཟེངས་རྟགས་བཞེས་མཁན་རྣམས་དང་སྐུ་པར་ལྷན་སྒྲོན་མཛད་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་སྒྲུབ་ཞག་དང་། མི་མང་གིས་མྱུར་མཛད་མ་དང་ཆོས་རྒྱལ་བསྟོད་པ་བརྐྱངས་སྐུམ་མ་གསུང་འདོན་གྱིས་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་གྲུབ་མཚམས་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

དེ་རིང་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་དད་པའི་འདུས་པའི་སྐྱ་སེར་ཕོ་མོ་སྟོང་ཕྲག་ཁ་ཤས་ཁྲལ་བཀལ་ནས་ཡོང་བ་མ་རེད། ཁེ་སང་ཆེན་པོ་བསམ་ནས་ཡོང་བའང་མ་རེད། དད་པ་དང་འདུན་པའི་ཀུན་ནས་བསླངས་ཏེ་གནས་འདིར་འདུས་པ་རེད། དེ་བཞིན་དྲ་རྒྱ་བརྒྱུད་ནས་གནས་ཚུལ་མཐོང་མཁན་མང་པོ་ཞིག་ཡོད་པ་རེད། དེ་ཚང་མས་དད་འདུན་རྩེ་གཅིག་པའི་ཐོག་ནས་ཉན་པ་རེད། ཁ་སང་ནས་ཞུས་པ་ནང་བཞིན། དེ་རིང་གི་ཆོས་སྐོར་འདི་ནི་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པའི་ཆོས་སྐོར་ལས་གང་ཟག་སྒོས་བཙན་གྱི་ཆོས་སྐོར་ཆགས་ཡོད། བསྟན་པ་སྤྱི་བཙན་དུ་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་དང་། འདི་དག་ནི་སངས་རྒྱས་པའི་ཆོས་འཛམ་གླིང་སྤྱི་ལ་འགྲོ་བ་ཞིག་རེད། གང་ཟག་སྒོས་བཙན་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གིས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ཤར་ནས་གང་ལ་གང་འདུལ་གྱིས་ཡི་དམ་ལྷ་ཡི་རྣམ་པ་འདྲ་མི་འདྲ་ལ་སྒྲུབ་ཐབས་འདྲ་མི་འདྲ་བྱས་ཏེ་་སླེབས་ཡོང་གི་ཡོད་པ་རེད། བླ་མེད་ཀྱི་རྒྱུད་ལ་ཆ་བཞག་ན་ཧ་ཅང་མང་པོ་ཡོད། བོད་ལ་འགྱུར་བ་ཡིན་ནའང་མང་པོ་ཞིག་ཡོད་པ་རེད་ལ། མ་འགྱུར་བའང་ཏན་ཏན་མང་པོ་ཞིག་ཡོད་པ་རེད། 

གང་ལྟར་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་ཡོད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་གང་ལ་གང་འདུལ་གྱིས་སྤྲུལ་བའི་རོལ་གར་བསྟན་ནས་གསུངས་པ་ཞིག་རེད། དེ་ལྟ་བུའི་ཐོག་ནས་དག་སྣང་གི་ཆོས་སྐོར་གྲས་ཀྱང་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་ལ་ཡིན་ནའང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་གྲུབ་ཆེན་ཀླུ་སྒྲུབ་ལ་སོགས་པའི་གྲས་སྐབས་ཐོག་ལ་རེ་རེར་སླེབས་ནས་ལྷག་པའི་ལྷའི་ཞལ་གཟིགས་ནས་གནང་བ་རེད། ཅེས་གསང་སྔགས་ཀྱི་རྒྱུད་པའི་སྐོར་དང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བྱེད་རྒྱུ་ཡིན་པ་སོགས་བཀའ་སློབ་སྩལ་ཏེ་རྗེས་གནང་དབུ་འཛུགས་མཛད་དེ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གནང་རྒྱུ་ཡིན་པ་བཀའ་ཕེབས་པ་དང་། ལམ་གཙོ་རྣམ་གསུམ་ལས་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་ནས། ད་ལྟ་མཐོང་ཆོས་སུ་ཡོད་པའི་འཛམ་བུ་གླིང་འདིར་བསམ་བློ་ཐོངས་དང་། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།། བཟློག་དཀའི་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི།། ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།། ཅེས་པ་ལྟར་རེད། 

ད་ལྟའི་འཛམ་གླིང་འདིའི་མཐོང་ཆོས་ལ་ཆ་བཞག་ན་མི་ཡིས་མི་གསོད་རེས་གཏོང་བཞིན་ཡོད་པ་དང་། འཛམ་བུ་གླིང་གི་ཚ་དྲོད་ཡར་འཕེལ་ནས་ཉེ་ལམ་ལྷོ་ཨ་མི་རི་ཀའི་བྷ་ར་ཛིལ་ཡུལ་དུ་ནགས་ལ་མེ་སྐྱོན་ཚབས་ཆེ་ཤོར་བ་མ་ཟད།  ད་ལྟ་ཨོ་སི་ཊི་ལི་ཡར་མེའི་འཇིགས་པ་བྱུང་ནས་སེམས་ཅན་ཀངྒ་རོ་ Kangaroo སོགས་སེམས་ཅན་ཆུང་ཆུང་སྙིང་རྗེ་མོ་ཞིག་ཡོད་པ་དེ་སོགས་སྟོང་ཕྲག་མང་པོ་མེས་ཚིག་འདུག བདག་ཏུ་མ་བཟུང་བའི་སེམས་ཅན་ས་ཡ་མང་པོས་སྡུག་བསྔལ་མྱང་བཞིན་འདུག མི་ཡང་གང་འཚམས་ལ་སྐྱོན་བྱུང་འདུག ཉི་མའི་ཚ་དྲོད་ཤུགས་ཆེ་རུ་ཕྱིན།  འཛམ་བུ་གླིང་དུ་མི་ཡིས་བཟོས་པའི་རྙོག་དྲའི་ཐོག་རང་བཞིན་གྱིས་ཚ་དྲོད་ཡར་འཕེལ་ནས་དཀའ་ངལ་ཧ་ཅང་ཆེན་པོ་འདུག ཚ་དྲོད་རྒྱས་པར་བརྟེན་ནས་དཀའ་ངལ་འཕྲད་བཞིན་པ་ལ་ཁོར་ཡུག་གི་ཐོག་ལ་དོ་སྣང་བྱེད་པ་ལྟ་བུས་ཕྲན་བུ་བྱེད་རྒྱུ་ཡོད་པ་རེད་མ་གཏོགས་གཞན་བྱེད་རྒྱུ་གང་ཡང་མི་འདུག གང་ལྟར་ཚ་དྲོད་ཀྱི་རྐྱེན་པས་རྙོག་དྲ་ཧ་ཅང་མང་པོ་ཡོད། ཨ་ཧྥུ་རི་ཀར་མཚོན་ན་ཆར་པ་མང་དྲགས་ནས་ཆུ་ལོག་གི་རྐྱེན་གྱིས་སྡུག་བསྔལ་གཅིག་དང་།  ས་ཆ་མང་པོ་ཞིག་ལ་ཚ་དྲོད་ཀྱི་རྐྱེན་པས་སྡུག་བསྔལ་བཅས་རང་བཞིན་འབྱུང་བའི་གནོད་པ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རིམ་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་བ་མེ་འཇིགས་ཀྱི་སྐབས་སུ་འཇིགས་འགྲོ་བ་ཞིག་དང་། དེ་ནས་བསྐལ་བ་གསར་པ་ཆགས་དགོས་པ་རེད། གནས་པའི་བསྐལ་བ་དང་འཇིགས་པའི་བསྐལ་བ། དེ་ནས་སྟོང་པའི་བསྐལ་བ། དེ་ནས་ཡང་འཛམ་གླིང་བྱེ་བྲག་པ་ཞིག་ཆགས་ཡོང་བ་རེད། དེ་ལ་འདི་ལྟར་བསམ་བློ་བཏང་ན་ཐང་ཆད་པ་ལྟ་བུ་འདུག ཅེས་སོགས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་ལེགས་པར་གྲུབ་མཚམས་འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ནང་སྒྲུབ་དང་། ཕྱི་སྒྲུབ། གསང་སྒྲུབ་བཅས་ཀྱི་རྗེས་གནང་སྩལ་བ་དང་། ཆུ་ཚོད་ ༡༠།༤༠ ཙལ་མ་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་སྟེ་སྤྱི་དང་བྱེ་བྲག་གི་བསྔོ་བ་སྨོན་ལམ་མཛད་རྗེས་བཀའ་སློབ་སྩལ་དོན། 

འདི་ཡན་ཆོས་འབྲེལ་བྱེད་རྒྱུ་ཚང་མ་ཟིན་པ་རེད། གོང་དུ་ཞུས་པ་ལྟར་རྒྱུན་དུ་ཉམས་ལེན་ཡག་པོ་བྱེད་དགོས། ཉམས་ལེན་ཞེས་པ་ནི་ཌ་མ་རུ་ལྟ་བུ་ཞིག་དཀྲོལ་བའི་སྐད་ཆ་མ་རེད། སེམས་རྒྱུད་མ་ཞི་བ་དེ་རིམ་བཞིན་ཞི་བ་ཞིག་བཟོ་ཐུབ་རྒྱུ་དང་། དེ་ནས་ཤེས་རབ་སྙིང་པོའི་ནང་གསུངས་པ་ལྟར། ས་ལམ་གྱི་རྟོག་པ་རིམ་གྱིས་གྲོལ་ཏེ་མཐར་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་མཐའ་དག་གི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་དང་། དེའི་གོམ་པ་དང་པོ་ལ་དེ་རིང་གནས་མཆོག་རྡོ་རྗེ་གདན་ནས་སྨོན་ལམ་རྒྱབ་ནས་དགེ་སེམས་ཁྱད་པར་ཅན་སྐྱེ་བའི་ཐོག་མའི་རྨང་གཞི་བཏང་ནས་འགྲོ་རྒྱུ་ཚང་མས་སེམས་ལ་ཞོག དེ་བྱུང་ན་ཆོས་ཉན་བཤད་བྱས་པ་དོན་དང་ལྡན་པ་ཞིག་བྱུང་བ་རེད། དེ་ཐུགས་ལ་ཆོངས། 

འཆི་བ་མི་རྟག་པ་རེད་ལ། མི་རྟག་པ་འདུས་པའི་མཐའ་མར་འབྲལ་བ་ཞེས་པ་ལྟར་ང་ཚོ་ཡང་ཕྱོགས་དང་མཚམས་ལ་གྱེས་འགྲོ་བ་རེད། གང་ལྟར་ལུས་པོ་ཕྱོགས་དང་མཚམས་ལ་འཁོད་ནས་སོ་སོར་གྱེས་འགྲོ་ཡང་། སེམས་རྒྱུད་ཀྱི་དད་པ་དང་དམ་ཚིག་ལ་ཉེ་རིང་ཡོད་པ་མ་རེད། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་འོ།། ཞེས་གསུངས་པ་ལྟར་རེད། ངོས་ཀྱིས་ཀྱང་ཁྱོད་ཚོ་དྲན་པ་བྱེད། སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་བོད་གངས་ཅན་གྱི་ལྗོངས་ཀྱི་སེམས་ཅན་དང་། དེ་ནས་དེ་རིང་འདིར་འདུས་པའི་མི་རིགས་མི་འདྲ་བའི་སྐྱ་སེར་ཕོ་མོ་ཡོངས་མི་བརྗེད་པ་བྱེད། ཁྱོད་རང་ཚོ་ཡིན་ནའང་ངོས་ཀྱི་ལུས་དྲན་པའི་ཕན་ཐོགས་མེད། ངས་བཤད་ཡོད་པ་དེ། མཛད་པ་ཀུན་ལས་གསུང་གི་ནི༎ མཛད་པ་མཆོག་ཡིན་དེ་ཡང་ནི༎ འདི་ཉིད་ཡིན་ཕྱིར་མཁས་པ་ཡིས༎ འདི་ལས་སངས་རྒྱས་རྗེས་དྲན་བྱོས༎ ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ལ་ཆ་བཞག་ནའང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་དེས་ང་ཚོར་བྱིན་རླབས་འབྱུང་བ་ཆེན་པོ་ཡོད་པ་མ་རེད། གཙོ་བོ་སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཀྱི་ཐོག་ནས་བྱིན་རླབས་འབྱུང་གི་ཡོད། 

དེར་བརྟེན། ངོས་ལ་དགའ་མོས་ཡོད་པ་ཚོས་ངོས་ཀྱིས་བརྗོད་ཟིན་པ་དག་སེམས་ལ་ངེས་པར་བྱོས། ཉམས་ལེན་བྱོས་དང་། ཞག་དང་ཟླ་ལ་ཧ་ཅང་ཁག་པོ་ཡིན་ཡང་། ཡུན་བསྐྱངས་པ་ཡིན་ན་ལོ་གཅིག་གི་ནང་ལ་སོ་སོར་འགྱུར་བ་ཅི་ཞིག་བྱུང་འདུག་བསམ་བློ་ཐོངས་དང་ཏན་ཏན་འགྱུར་བ་འགྲོ་གི་རེད། མུ་མཐུད་ནས་ཕྱིན་པ་ཡིན་ན། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། འདིའི་སྒང་ལ་འགྲོ་བ་ཡོད་པ་རེད། ཁྱོད་རང་ཚོས་དེ་སེམས་ལ་ངེས་པར་བྱོས། དེ་མིན་ངོས་ཀྱི་པར་ཞིག་བཞག སྐྱབས་སུ་མཆི་ཞེས་པས་ཕན་ཆེན་པོ་མེད་པས་ངོས་ཀྱིས་བཤད་པ་ལ་ག་ཚོད་ཐུབ་ཐུབ་བྱོས། མཁྱེན་སོང་ངམ། ངོས་ཀྱིས་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་མ་རྩ་ལ་བཞག་ནས་བཤད་ཀྱི་ཡོད། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་དགོངས་པ་གསུངས་ཀྱི་ཡོད་པ་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་རྗེས་དྲན་གྱིས་ལད་ཟློས་བྱས་ནས་བཤད་ཀྱི་ཡོད་པ་རེད། དེ་ཚང་མས་སེམས་ལ་ཞོག ཚང་མས་ཉམས་ལེན་བྱེད་དགོས་པ་རེད། 

ང་ཚོའི་དགེ་བའི་རྩ་བ་གོང་དུ་སྨོན་ལམ་བརྒྱབ་པ་ལྟར། སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཆ་ཚང་ཞིག་ཡོད་པ་ཕལ་ཆེར་བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཆགས་འདུག དེ་དག་འགྲེལ་བཤད་རྒྱག་རྒྱུ་ཡང་བོད་ཡིག་ཡག་ཤོས་རེད། བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་འདི་ད་ལྟ་ཡིན་ནའང་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཀྱིས་ཟིན་ནས་བསྡད་ཡོད་པ་རེད། རྒྱ་ནག་ནང་དུའང་ནང་པ་མང་དུ་མང་དུ་འགྲོ་གི་འདུག བོད་གངས་ཅན་ལྗོངས་ཀྱི་བསྟན་པ་འདི་གངས་ཅན་ལྗོངས་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཚང་མར་ཏན་ཏན་ཁྱབ་ངེས་རེད། ཏན་ཏན་ནུས་པ་ཆེན་པོ་ཡོད་པ་རེད། དེ་མིན་གྱི་ནང་པ་མིན་པ་ཚོའི་ལུང་པའི་ནང་དུའང་རྣམ་དཔྱོད་ཅན་གྱི་མི་མང་པོས་དོ་སྣང་བྱས་ཏེ་ཡིད་འཕྲོག་གི་འདུག  དེར་བརྟེན། དགེ་བའི་རྩ་བ་འདི་ཡི་མཐུ་ལ་བརྟེན་ནས་བསྟན་པ་ཡུན་རིང་གནས་པ་དང་། དེ་ལ་བརྟེན་ནས་འགྲོ་བ་མང་པོར་ཕན་ཐོགས་ཡོང་བར་ངོས་ཀྱིས་སྨོན་ལམ་བརྒྱག་གི་ཡིན།  ཁྱེད་རང་ཚོས་ཀྱང་སྨོན་ལམ་སྐྱོན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་ཡོངས་སུ་ལེགས་པར་གྲུབ་པ་དང་། ཐེངས་འདིའི་བཀའ་ཆོས་ལ་དགའ་ལྡན་ཁྲི་གདན་ཟུར་དང་བརྒྱུད་ཁག་གཅིག་བླ་ཆེན་གྱིས་གཙོས་ཁྱོན་རྒྱལ་ཁབ་ ༦༧ ནས་ཆོས་ཞུ་བ་གྲངས་ ༣༥༠༠༠ བརྒལ་བ་དང་། སིངྒ་པོར་དང་ཐའེ་ཝན། མ་ལེ་ཞིས་ཡ། ལའོ་སི། ཐའེ་ལན་ཌི་བཅས་ནས་སྟོང་ཕྲག་ཁ་ཤས་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ ༣༠༠ ལྷག་ཕེབས་ཡོད་པ་རེད།