དད་ལྡན་བརྒྱ་ཕྲག་གཉིས་ལ་མཇལ་ཁ་དང་བྷི་ཧར་མངའ་སྡེའི་བློན་ཆེན་གྱིས་མཇལ་བཅར་ཞུས་པ། 

མདུན་ངོས། / དད་ལྡན་བརྒྱ་ཕྲག་གཉིས་ལ་མཇལ་ཁ་དང་བྷི་ཧར་མངའ་སྡེའི་བློན་ཆེན་གྱིས་མཇལ་བཅར་ཞུས་པ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་རིགས་འདྲ་མིན་གྱི་མི་གྲངས་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩོལ་ཡོད་པ་དང་། ཕྱི་དྲོ་བྷི་ཧར་མངའ་སྡེའི་བློན་ཆེན་མཆོག་གིས་མཇལ་བཅར་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་མཇལ་བཅར་བ་རྣམས་ལ་འཚམ་འདྲི་དང་འབྲེལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཀྱི་ཆེ་བ་དང་འབྲེལ་ཏེ་བཀའ་སློབ་སྩལ་དོན། རྡོ་རྗེ་གདན་ནི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་རེད། གནས་ཁྱད་པར་ཅན་ཆགས་པ་ནི་གང་ཟག་ཁྱད་པར་ཅན་ཞིག་འདིར་ཕེབས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་པའི་ཐོག་ནས་རྩ་ཆེན་པོར་བརྩི་བཞིན་ཡོད་པ་རེད། བཅོམ་ལྡན་འདས་གང་ཟག་ཁྱད་པར་ཅན་ཡིན་པ་དེ་བཅོམ་ལྡན་འདས་ཀྱི་གསུང་ལ་བརྟེན་ནས་རེད། བཅོམ་ལྡན་འདས་ཀྱིས།  ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཅེས་གསུངས་ཡོད། དེར་བརྟེན། སངས་རྒྱས་པའི་ཆོས་འདི་ཆོས་ཉིད་བདེན་པ་ཞེས་དེང་སང་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་བཤད་ཡོང་དུས་བཅོམ་ལྡན་འདས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་གསུངས་ཟིན་པ་ཞིག་རེད། ངོས་ལ་ངོ་ཤེས་རྒྱ་གར་གྱི་མཁས་པ་རཱ་ཇ་ར་མན་ན་ཟེར་བ་ཞིག་ཡོད། ཁོང་གིས་ཚད་རྡུལ་དངོས་ཁམས་རིག་པ་ཟེར་བ་འཛམ་གླིང་ནུབ་ཕྱོགས་སུ་གསར་པ་རེད། རྒྱ་གར་ལ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་བཅོམ་ལྡན་འདས་ཀྱིས་གསུངས་ཟིན་པ་རེད་ཅེས་ངོས་ལ་བཤད་མྱོང་། དེ་བདེན་པ་རེད། 

གང་ལྟར་ང་རང་ཚོའི་སྡུག་བསྔལ་ནི་ཆགས་སྡང་གི་ཐོག་ནས་ཡོང་གི་ཡོད་པ་རེད། ཆགས་སྡང་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་ཡོང་གི་ཡོད་པ་རེད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ནི་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་སྣང་ཡོང་སྐབས་ཨ་འཐས་ཀྱི་འཛིན་པ་སྐྱེས་པ་དང་། དེ་ལ་བརྟེན་ནས་ཆགས་སྡང་ཡོང་གི་ཡོད། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གིས་དེ་བཤད་ཀྱི་འདུག དེང་སང་དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཡོད་པ་དང་། ཚན་རིག་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་རེད། ཚན་རིག་པ་དང་མཉམ་དུ་སྦྲེལ་ནས་ཕན་ཚུན་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་ནི་སྤྱིར་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་གཅིག་པུ་རེད་མ་གཏོགས་གཞན་ཆོས་ལུགས་སུ་གཅིག་གིས་བྱེད་ཐབས་ཡོད་པ་མ་རེད། པཱ་ལིའི་ཆོས་བརྒྱུད་ཀྱིས་སངས་རྒྱས་ཀྱི་གསུང་གཞིར་བཞག་བྱས་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་ལ་འགྲོ་བ་མ་གཏོགས་རིགས་པས་དཔྱད་པ་བྱེད་རྒྱུ་མང་པོ་ཡོད་པ་མ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཚད་མ་རིག་པ་གཙོར་འདོན་གྱིས་ཞིབ་འཇུག་བྱེད་རྒྱུ་ཞིག་རེད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པའི་ང་ཚོར་བསླབ་བྱ་འདི་གནང་བ་རེད། འདི་གཞིར་བཟུང་གིས་ནཱ་ལེནྡྲའི་མཁས་པ་ཚོས་ཞིབ་འཇུག་གནང་གི་འདུག པཱ་ལིའི་ཞིབ་འཇུག་ཆེན་པོ་གནང་གི་མ་རེད། དེར་བརྟེན། ཞིབ་འཇུག་བྱེད་པའི་ཐབས་ལམ་ཚད་མ་རིག་པ་རེད། ནཱ་ལེནྡྲའི་མཁས་པ་ཚོས་ཚད་མ་རིག་པར་དོ་སྣང་ཆེན་པོ་གནང་གི་འདུག དེ་ནས་ང་ཚོར་སྣང་བ་ལྟར་དུ་གྲུབ་ཡོད་མེད་ལ་བརྟག་དཔྱད་བྱེད་པ་ནི་ལྟ་གྲུབ་རེད། དབུ་སེམས་ཀྱི་ལྟ་བ་ཚང་མས་སྣང་བ་ལྟར་དུ་གྲུབ་མེད་པ་ཧ་ཅང་གསལ་བོ་གསུངས་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་།  ནང་པའི་གཞུང་དང་། ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་རིགས་པའི་ལམ་ནས་ཞིབ་འཇུག་བྱས་ཏེ་མི་འདོད་པའི་སྡུག་བསྔལ་དེ་ཅི་ལྟར་ཡོང་གི་ཡོད་པ་དང་། རྒྱུ་མེད་རྐྱེན་མེད་ཀྱིས་བྱུང་བ་མ་རེད། སྐབས་རེ་སྐྱེས་སྐབས་རེ་མེད་པས་རྟག་པའི་རྐྱེན་ལས་བྱུང་བ་མ་རེད། འདི་ལྟར་རྩད་གཅོད་བྱས་ཡོང་སྐབས་གང་ལྟར་སེམས་བཏུལ་ན་བདེ་བ་རེད། སེམས་མ་བཏུལ་ན་སྡུག་བསྔལ་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རེད། དེར་བརྟེན། བདག་ཅེས་པ་གང་དུ་འདུག་ཅེས་བསམ་བློ་ཞིག་བཏང་། བདག་བློ་ལ་སྣང་བ་ནང་བཞིན་མི་འདུག་བསམ་པ་ཞིག་ལ་ངེས་པ་འཁྲུངས་རྒྱུ་གཅིག་དང་། དེ་ནས་བདག་ཏུ་ཞེན་པའི་ཆགས་སྡང་གི་བློ་རང་དང་གཞན་ཞེས་སླེབས་ཡོང་གི་ཡོད། རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་ནས་འཁྲུག་པ་རྒྱག་པ་དང་འགྲན་སེམས་བྱེད་པ། ཕྲག་དོག་བྱེད་པ་བཅས་ཚང་མ་སླེབས་ཡོང་གི་ཡོད། དེར་བརྟེན། ཆེ་ས་འཛམ་གླིང་འདིར་ཆ་བཞག་པ་ཡིན་ནའང་རྙོག་དྲ་ཧ་ཅང་མང་པོ་ཞིག་མིས་བཟོས་པའི་རྙོག་དྲ་རེད་འདུག དེ་དག་གི་རྩ་བའི་རྩ་བ་ནི་ཆགས་སྡང་གི་བློ། རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བའི་རྐྱེན་གྱིས་ཆེ་ས་རྒྱལ་ཁབ་ཕན་ཚུན་འཁྲུག་སྡོང་པ་དང་།  དཔེར་ན། ཁ་སང་དེ་རིང་ལ་ཆ་བཞག་ན་ཨི་རན་དང་ཨ་མི་རི་ཁ་གཉིས་དམག་འཁྲུག་པའི་ཉེན་ཁ་ཆེན་པོའི་སྟེང་སླེབས་འདུག ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད། 

ཕྱི་དྲོ་ཆུ་ཚོད་ ༡།༣༠ ཙམ་ལ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་ Nitish Kumar མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། དུས་རབས་བརྒྱ་ཕྲག་འགའ་ཤས་རིང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་ལྟེ་གནས་དེ་སློབ་གཉེར་ཁང་རྩེ་ཕུད་ཅིག་བྱས་ནས་བསྡད་ཡོད། གཙུག་ལག་ཁང་དེ་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་དུ་མ་བྱུང་ཡོད། ཁོང་རྣམས་ནི་ཆོས་ཙམ་མིན་པར་སྤྱིར་སྟངས་ཤེས་ཡོན་གྱི་ཆ་ནས་ཀྱང་ཧ་ཅང་མཁས་པ་ཆེན་པོ་རེད། ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་བྱས་པའི་རིང་མངའ་སྡེའི་གཞུང་མང་གཉིས་ནས་ཧ་ཅང་མཐུན་འགྱུར་རོགས་རམ་གནང་བྱུང་། ཐུགས་རྗེ་ཆེ།  ཞེས་བཀའ་སློབ་སྩལ་བ་དང་།  འདི་ཉིན་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་གནས་མཆོག་རྡོར་གདན་ཁུལ་གྱི་སྤྲང་བོ་ཚོར་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་སྦྱིན་གཏོང་གིས་སྤྲང་སྦྱིན་ཧིན་སྒོར་བརྒྱ་རེ་དང་། དབང་པོ་སྐྱོན་ཅན་ཚོར་དམིགས་བསལ་གྱིས་ཧིན་སྒོར་ ༢༠༠ རེ་དང་། སྤྲང་བོ་ལྔ་སྟོང་ལྷག་ལ་ཉིན་གུང་ཞལ་ལག་ཀྱང་གོ་སྒྲིག་གནང་ཡོད་པ་རེད།