ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྟ་གོན་མཛད་པ། 

མདུན་ངོས། / ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྟ་གོན་མཛད་པ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་  ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྟ་གོན་བཀའ་དྲིན་བསྐྱངས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཆོས་འབྲེལ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མགོན་པོ་གང་ཉིད་མཆོག་གིས་ཐུགས་རྗེ་ཆེན་པོ་བདག་འཇུག་གནང་རྒྱུ་ཡིན་པ་དང་། ཆོས་འབྲེལ་ཞུ་མཁན་ཚོས་མ་ཎི་བགྲང་དགོས་པའི་བཀའ་ཕེབས་བསྟུན་སྒྲུབ་ཞག་མཛད་པ་དང་། དེ་རྗེས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་ཏུ་སྐུའི་མཛད་འགན་ཆེན་པོ་བཞི་ཡི་སྐོར་ལ་བཀའ་སློབ་སྩལ་དོན། 

ད་རེས་དོན་གཉེར་ཅན་མང་པོ་ཞིག་གིས་སྤྱན་རས་གཟིགས་ཀྱི་དབང་ཆེན་ཞིག་བྱུང་ན་ཞེས་སྐུལ་མ་ཡོང་གི་འདུག དེར་བརྟེན། དེ་རིང་དྲ་རྒྱ་བརྒྱུད་ནས་དབང་བྱ་རྒྱུ་ཡིན། དེ་སྔ་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་དབང་ཆེན་དྲ་རྒྱའི་ཐོག་ནས་བྱས་པ་རེད། གང་ལྟར་ངོས་ཀྱིས་བོད་ནང་ཡོད་པའི་བོད་མི་རྒྱ་ཆེའི་མི་མང་ཚོར་དྲ་རྒྱའི་ལམ་ནས་དབང་བསྐུར་རྒྱུར་ངོས་ཀྱིས་དམིགས་པ་བྱས་པ་དང་། ཕར་ཕྱོགས་ནས་མོས་པ་བྱས་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་རྒྱུ་བྱུང་།

རྣལ་འབྱོར་བླ་མེད་ཀྱི་དབང་དེ་ཚོའི་གྲས་ནི་ཕྱག་ལེན་ཕྲན་བུ་དོ་དམ་པའི་བཟོ་འདྲ་ཞིག་རེད།  གཉིས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོག་ལ་སྔགས་ཀྱི་སྡོམ་པ་ཡོད་པ་རེད། རྩ་ལྟུང་བཅུ་བཞི་སྲུང་དགོས་པ་ཆགས་ཡོད།  དེར་བརྟེན། རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་སྐོར་གྱི་སྔོན་འགྲོར་འཇིགས་བྱེད་ཀྱི་དབང་བྱས་པ་དང་། དེ་སློབ་མ་ཉུང་ཤས་ཤིག་ལ་བྱས་པ་རེད། དེ་རིང་འདིར་སྤྱན་རས་གཟིགས་ཀྱི་དབང་ཆེན་རེད། དྲ་རྒྱའི་ཐོག་ནས་དད་པ་ཅན་ཕྱོགས་དང་མཚམས་གང་དུ་ཡོད་ནའང་སོ་སོས་མོས་པ་བྱས་པ་དང་། ངོས་ཀྱིས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད། འཕགས་པ་སྤྱན་རས་གཟིགས་ནི།  སངས་རྒྱས་ཀུན་གྱིས་རབ་ཏུ་སྔགས།། ཡོན་ཏན་དམ་པ་ཀུན་བསགས་པ།། སྤྱན་རས་གཟིགས་ཞེས་མཚན་གསོལ་བ།། རྟག་པར་བརྩེ་ལ་ཕྱག་འཚལ་ལོ།། ཞེས་འཕགས་པ་སྤྱན་རས་གཟིགས་ནི་གཙོ་བོ་སྙིང་རྗེའི་ལྷ་རེད། གཙོ་བོ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བར་དམིགས་རྣམ་བསྐྱངས་པ་དང་། བློ་སྦྱངས་ནས་སྙིང་རྗེ་སྐྱེ་དགོས་པ་རེད། 


ལྷག་པའི་ལྷ་འབྲེལ་ཡོད་དེ་འདྲ་བསྒྲུབ་པ་ཡིན་ན་སྙིང་རྗེ་གོང་ནས་གོང་དུ་འཕེལ་བ་དང་། ལྷག་པའི་ལྷ་སྤྱན་རས་གཟིགས་ལྟ་བུར་གསོལ་བ་བཏབ་ནས་དེ་ལྟ་བུའི་ཐོག་ནས་སྙིང་རྗེ་སྐྱེ་སྐབས། སྙིང་རྗེ་དེ། དཔེར་ན། བྱང་ཆུབ་ཀྱི་སེམས་ལ་སྙིང་རྗེས་སེམས་ཅན་ལ་དམིགས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། ཞེས་གསུང་པ་ནང་བཞིན་ཤེས་རབ་དང་ལྡན་པ། རྣམ་དཔྱོད་དང་ལྡན་པ། འཆལ་བའི་ཤེས་རབ་མིན་པར། ཤེས་རབ་དང་ཟུང་དུ་སྦྲེལ་བའི་སྙིང་རྗེ་ཞིག་ཡོང་ཐུབ་པའི་གནད་འགག་ཡོད།

དེང་སྐབས་ཀྱི་དུས་ཚོད་ལ་འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མས་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་ཡིན་ནའང་། དེང་སྐབས་མི་རིགས་དཀར་ནག་གི་དབྱེ་བ་བྱེད་པ་ལྟ་བུ་དང་། དེ་བཞིན་ཆོས་ལུགས་དབྱེ་འབྱེད་ཀྱི་ཐོག་ནས་མི་གསོད་རེས་གཏོང་བ།  གང་ལྟར་མི་གསོད་རྒྱུ་བྱུང་ན་བྱས་རྗེས་བཞག་ཡོད་བསམ་པ་ལྟ་བུའི་སྤོབས་པ་བྱེད་པ་ལྟ་བུ་ཡོང་བཞིན་འདུག  ཁ་སང་ངོས་ཀྱིས་བརྙན་འཕྲིན་ལས་མཐོང་གསལ་ལ། ཨ་རིའི་མི་ནེ་སོ་ཊ་ (Minnesota) ས་གནས་ཡིན་པ་ཡོད། མི་རིགས་ནག་པོ་ཞིག་མོ་ཊའི་འོག་ཏུ་འགྱེལ་འདུག ཉེན་རྟོག་པ་མི་རིགས་དཀར་པོ་ཞིག་གིས་མི་རིགས་ནག་པོ་དེའི་མཇིང་པའི་སྟེང་ལ་པུས་མོས་མནན་ནས་ཧ་ཅང་དངངས་སྐྲག་ཚ་བོ་བྱེད་བཞིན་འདུག  མི་རིགས་དཀར་ནག་དབྱེ་བ་ཕྱེ་ནས་དེ་ལྟར་ཡོང་བཞིན་འདུག ཆོས་ལུགས་ཐོག་ནས་འཐེན་འཁྱེར་བྱས་ནས་འཚེ་བ་བྱེད་པ་མང་པོ་ཡོང་བཞིན་ཡོད།

གཞི་རྩའི་མི་ཚང་མ་བྱམས་བརྩེའི་རང་བཞིན་ཅན་ཞིག་ཡིན་པ་དང་། ཕལ་ཆེར་སྲོག་ཆགས་ཚང་མ་འཚོ་སྐབས་བྱམས་བརྩེས་འཚོ་དགོས་ཀྱི་འདུག འབུ་ཞིག་ཡིན་ནའང་ཐོག་མར་འོ་མ་འཐུང་རྒྱུ་མེད་ཀྱང་ཐོག་མར་ཨ་མས་ལྟ་རྟོག་བྱེད་པ་ལྟ་བུ་ཡོང་བཞིན་འདུག དེ་ལ་དོ་སྣང་བྱོས་དང་། གང་ལྟར་བདེ་སྡུག་གི་ཚོར་བ་མྱོང་མཁན་སྲོག་ཆགས་ཚང་མ་བརྩེ་བས་འཚོ་བཞིན་པ་གསལ་པོ་རེད།  དེར་བརྟེན། ཆོས་ཀྱི་སྐད་ཆ་གང་ཡང་མ་ཡིན་པར་སེམས་པ་བཟང་པོ་བྱས་ཏེ་གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པར་རོགས་ཕན་བྱེད་རྒྱུ་བྱུང་བ་ཡིན་ན། སོ་སོ་རང་ཉིད་ཡིན་ནའང་སྐྱིད་པ་མ་ཟད། ཁོར་ཡུག་དེ་ཡང་བྱམས་བརྩེ་ལྡན་པ་ཞིག་བྱུང་ན་དངོས་འབྲེལ་ཞི་བདེ་བག་ཕེབས་དང་། འཇིགས་སྣང་མི་ཡོང་བ་ཞིག་ཡོང་རྒྱུ་འདུག བྱམས་བརྩེ་མེད་པར་ཕན་ཚུན་ཕྲག་དོག་དང་འགྲན་སེམས། ང་རྒྱལ་ཐོག་ནས་ཕྱིན་པ་ཡིན་ན། སོ་སོ་རང་ཉིད་མ་སྐྱིད་པ་དང་ཁོར་ཡུག་ཀྱང་མི་བདེ་བ་ཆགས་ཀྱི་ཡོད། དེར་བརྟེན། བྱམས་བརྩེ་ནི་ཧ་ཅང་རྩ་བ་ཆེན་པོ་རེད། ངོས་ཀྱིས་ལས་འགན་བཞི་བརྩི་བཞིན་ཡོད། 

ལས་འགན་དང་པོ་ནི། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པ་རྣམས་ལ་བྱམས་བརྩེ་ལྡན་པ་ཞིག་ཡོང་ན་བསམ་གྱི་ཡོད། དེ་ང་ཚོའི་བདེ་སྐྱིད་ཀྱི་དོན་ལ་ཐུག་ཡོད། བྱམས་བརྩེ་ནི་མི་གཞན་ལ་ཕན་གདགས་རྒྱུ་ཁོ་ནའི་སྐད་ཆ་མ་ཡིན་པར་སོ་སོ་རང་ཉིད་སེམས་སྐྱིད་པ་ཡོང་གི་འདུག དངོས་ཡོད་གནས་ཚུལ་ལ་ཇི་ཙམ་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག འགྲན་སེམས་ཡོད་ན་དེ་ཚོད་སོ་སོ་མ་སྐྱིད་པ་ཡོང་གི་རེད། དེར་བརྟེན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཅེས་གསུངས་པ་དེ་ལྟར་རེད། རང་དོན་བསྒྲུབ་ན་སེམས་པ་བཟང་པོ་བྱེད་དགོས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་དགོས།  གཞན་དོན་བསྒྲུབ་པ་ཡིན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། སེམས་པ་བཟང་པོ་བྱེད་རྒྱུ་ནི་ནང་པའི་གཞུང་དུ་གལ་ཆེན་པོ་བྱས་ནས་གསུང་གི་ཡོད་ལ། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་གསུང་བཞིན་ཡོད། གང་ལྟར་བརྩེ་བ་ནི་སྤྱིར་སེམས་ལྡན་ཚང་མར་ཕན་ཐོགས་ཡོད་པ་ཞིག་དང་། བྱེ་བྲག་ཏུ་མི་ཡི་རྣམ་དཔྱོད་དེ་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན། རྣམ་དཔྱོད་དེ་མགོ་ལོག་རྩེད་ཉེན་ཡོད་པ་རེད། རྣམ་དཔྱོད་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་བྱུང་ན། རང་ལ་ཕན། གཞན་ལའང་ཕན། གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཚང་མ་ཡོང་ཐུབ་པས་གཙོ་བོ་སེམས་པ་བཟང་པོ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། 

ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་ཀྱང་། བདེ་སྡུག་ནི་ཕྱི་རོལ་ནས་ཡོང་གི་ཡོད་པ་ལྟ་བུ་ཞིག་མ་གཏོགས་སོ་སོའི་སེམས་བཏུལ་མ་བཏུལ་གྱི་ཐོག་ནས་དམིགས་བསལ་གྱིས་དོ་སྣང་གིས་མ་ལྡེང་བར། དེང་སང་དངོས་པོ་ཡར་རྒྱས་ལ་བསྟེན་པའི་ཤེས་ཡོན་ཡར་རྒྱས་ཕྱིན་པ་རྣམས་ཀྱིས་དངོས་པོ་རྐྱང་པ་མ་གཏོགས་ནང་བདེ་སྡུག་གི་རྩ་བ་སེམས་བཏུལ་མ་བཏུལ་གྱི་ཐོག་ན་ཡོང་བཞིན་པ་ལ་དོ་སྣང་ཡོད་པ་མ་རེད། དེར་བརྟེན། དེང་གི་དུས་ཚོད་འདི་ལ་བྱམས་བརྩེ་སྤེལ་དགོས་ཀྱི་འདུག ཕྱིའི་དངོས་པོ་ཡར་རྒྱས་ཀྱི་སྐད་ཆ་གཅིག་པུ་མ་ཡིན་པར་མིའི་ཤེས་རབ་ཀྱིས་དེ་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར་དེའི་དོ་ཡ་ལ་སེམས་པ་བཟང་པོ་དགོས་པ་ལ་ངོས་ཀྱིས་འབད་བརྩོན་གཙོ་བོ་བྱེད་བཞིན་ཡོད། ཆོས་ཁས་ལེན་མིན་ཅི་ལྟར་ཡང་སེམས་པ་བཟང་པོ་བྱེད་དགོས་ཀྱི་འདུག དེས་སོ་སོ་ལ་ཕན་པ་དང་གཞན་ལའང་ཕན། འཛམ་གླིང་སྤྱི་ལའང་ཕན་གྱི་རེད། འཛམ་གླིང་འདིར་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་ཀྱང་མིས་བཟོས་པའི་སྡུག་བསྔལ་ག་ཚོད་འདུག དེ་ནི་སེམས་པ་བཟང་པོ་མེད་པར་ང་རྒྱལ་དང་ཕྲག་དོག ཆགས་སྡང་གི་དབང་གིས་ཡོང་ཡོད་པ་གསལ་བོ་རེད། དེ་ནི་སྐྱེ་བ་ཕྱི་མའི་སྐད་ཆ་བཤད་ཀྱི་མེད་པར་ཚེ་འདི་རང་ལ་སེམས་ཞི་ཞིང་དུལ་བ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་ཡིན་སྟབས། ཆོས་ཁས་ལེན་མཁན་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ལ་སྨོན་ལམ་བརྒྱབ་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་པ་བགྲང་རྒྱུ་བྱུང་བ་ཡིན་ན། སྙིང་རྗེའི་བློ་གོང་ནས་གོང་དུ་འཕེལ་རྒྱུར་ཕན་ཐོགས་ཡོད་པ་རེད། དེར་བརྟེན། དེ་རིང་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱེད་རྒྱུའི་དགོས་པ་རྒྱུ་མཚན་གཙོ་བོ་འདི་རེད། ངེས་པར་དུ་ནང་པའི་ཆོས་བྱེད་དགོས་པ་གང་ཡང་མ་རེད། གང་ལྟར་མི་ཡ་རབས་དང་སེམས་པ་བཟང་པོ་ཞིག་ཡོང་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ངོས་ཀྱིས་གང་ཡོང་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གི་མཛད་འགན་ཆེན་པོ་བཞི་ལས་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་བཟོ་བྱེད་རྒྱུ་བཅས་ལ་བཀའ་སློབ་ཟབ་རྒྱས་སྩལ།

ཆུ་ཚོད་༩།༠༠ ཙམ་ལ་བཀའ་དབང་སྔོན་འགྲོ་སྟ་གོན་དབུ་འཛུགས་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཆོས་འབྲེལ་རིམ་པར་གནང་སྟེ།  བྱང་ཆུབ་སེམས་དཔའི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་སྩལ་རྗེས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་པ་དང་། ཉལ་བའི་སྐབས་སུ་དགེ་སེམས་ཁྱད་པར་ཅན་སྐྱེ་ནས་གཉིད་དགོས་པ་སོགས་བཀའ་ཕེབས་པ་དང་། དེ་རིང་སྟ་གོན་དང་སང་ཉིད་དངོས་གཞི་བྱེད་རྒྱུ་ཡིན་པས་འདི་དག་ལ་ཕྱི་ནང་གི་འགལ་རྐྱེན་མི་ཡོང་བའི་ཆེད་དང་། དུས་རྒྱུན་དུ་རྟ་མགྲིན་གྱི་སྔགས་བགྲངས་ན་ཡག་པོ་ཡོད་པ་རེད། དེ་དགོང་ཡང་རྨི་ལམ་མི་འཁྲིགས་པ་དང་གསལ་བོ་ཡོང་བའི་ཆེད་དུ་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས། དེ་ནས་རྟ་མགྲིན་གྱི་སྔགས་བགྲངས་པ་ཡིན་ན་ཕན་ཐོགས་ཡོང་གི་རེད། འདི་ཡན་སྙིང་རྗེའི་ལྷ་མཆོག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་ཆེན་གྱི་སྔོན་འགྲོའི་སྟ་གོན་ཟིན་པ་བྱེད། སང་ཉིན་དངོས་གཞི་འབུལ་རྒྱུ་ཡིན། ཚང་མས་སེམས་སྐྱིད་པོ་བྱོས། ཞེས་སོགས་སེམས་ལ་སྤྲོ་བ་སྐྱེས་པ་དང་། དགེ་སེམས་ཡག་པོ་ཞིག་སྐྱེས་ནས་བཞུགས་དགོས་པ་བཀའ་སྩལ་རྗེས་བཀའ་དབང་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་པ་དང་། སང་ཉིན་དངོས་གཞི་དང་ལྷན་དུ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཀའ་ཕེབས་ཡོད། 

དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་དབང་ཆེན་འདི་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་མི་རིགས་རིས་མེད་ཀྱི་བླ་ཆེན་ཁག་གིས་གཙོས་འཛམ་གླིང་ས་ཁུལ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་མང་པོས་ཞུས་ཡོད་པ་དང་། ཨིན་སྐད་དང་རྒྱ་སྐད། ཧིན་སྐད། ཝི་ཏི་ནམ། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད། སི་པིན་ནེ་ཤེའི་སྐད། འཇར་མན་སྐད། ཕོར་ཅི་གྷད་ཀྱི་སྐད། ཧྥ་རན་སིའི་སྐད། ཨི་ཏྲ་ལི་ཡི་སྐད་བཅས་སུ་འབྲེལ་ཡོད་དྲ་ལམ་སོ་སོ་ནས་གསུང་བསྒྱུར་གྱིས་ཐད་གཏོང་ཞུས་ཡོད་པ་བཅས།།