དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོ་དབང་ཆེན་དང་སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་བཀའ་དྲིན་སྩལ་བ། 

མདུན་ངོས། / དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོ་དབང་ཆེན་དང་སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་བཀའ་དྲིན་སྩལ་བ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་  ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དངོས་གཞིའི་བཀའ་དབང་དང་། སྤྱན་རས་གཟིགས་སེང་གེ་སྒྲ་ཡི་རྗེས་གནང་བཀའ་དྲིན་སྩལ་ཏེ་དད་འབངས་ཁྲི་ཁྲག་མང་པོས་ཆོས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཆོས་འབྲེལ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་དང་ཆོས་ཞུ་བ་རྣམས་ནས་མ་ཎི་བགྲང་གསོག་གིས་སྔོན་འགྲོའི་སྒྲུབ་ཞག་གྲུབ་མཚམས། ཁ་སང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྟ་གོན་ཟིན་པ་དང་། དེ་རིང་དངོས་གཞི་ཆགས་ཡོད་པ་དེ་ལྟར་རེད། ཁ་སང་རོབ་ཙམ་ཞུས་ཟིན་པ་ལྟར་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་རེད། སྤྱན་རས་གཟིགས་ཀྱི་སྒོམ་བཟླས་བྱས་ཏེ་བསམ་བློ་ཞིག་བཏང་བ་ཡིན་ན་རང་བཞིན་གྱིས་སེམས་ལ་ཞི་བདེ་སླེབས་པ་ཞིག་རེད། སྔར་བླ་མ་ཁ་ཤས་ཀྱིས་གསུངས་ན་ཡི་དམ་གྱི་སྔགས་བགྲངས་ན་ཞི་དྲག་གི་ལས་སྒྲུབ་པའི་ཀུན་སློང་སླེབས་ཡོང་གི་རེད། མ་ཎི་བགྲངས་ན་ཚེ་འདི་དང་ཕྱི་མ། སེམས་ཅན་ཐམས་ཅད་ཀྱི་བློ་སླེབས་ཡོང་གི་རེད་ཅེས་གསུང་གི་འདུག དེ་བདེན་པ་རེད། མ་ཎི་བགྲངས་ནས་གཡུལ་འཁྲུག་བྱེད་ཀྱི་ཡོད་པ་དང་དབང་སྡུད་བྱེད་ཀྱི་ཡིན་ཟེར་བ་གང་ཡང་མི་འདུག དགེ་བཤེས་ཁ་ཤས་འུ་ཐུག་ན་མ་ཎི་བགྲང་བཞིན་རྒྱག་པས་བཞུ་རྒྱུ་ཡོང་སྲིད་ཀྱི་རེད་མ་གཏོགས་གཞན་མ་ཎིའི་ཐོག་ནས་ཞི་ཁྲོའི་ལས་སྒྲུབ་པའི་བསམ་བློ་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་ནི་བྱིན་རླབས་ཆེན་པོ་ཞིག་རེད། ཁ་སང་ཞུས་པ་བཞིན་བོད་གངས་ཅན་གྱི་ལྷག་པའི་ལྷ་སྐལ་ཆགས་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དངོས་གཞིའི་བཀའ་དབང་དང་། སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་རིམ་པར་སྩལ་རྗེས་བཀའ་སློབ་སྩལ་དོན། 

ཐེངས་འདིར་གཙོ་བོ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བ་དང་། ཁ་སང་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བ་གཙོ་བོ་དང་། དེ་རིང་འདིར་ཐམས་ཅད་རྣལ་འབྱོར་བའི་སེམས་བསྐྱེད་པ་གཙོ་བོར་བྱས་པ་ཡིན། དེ་དང་ཆབས་ཅིག་དམིགས་བསལ་ཁྱད་ཆོས་ཡོད་པ་སྤྱན་རས་གཟིགས་སེང་གེའི་སྒྲའི་རྗེས་གནང་བཅས། ངོས་རང་ནས།  སྟོན་དེའི་རྗེས་སུ་རབ་ཏུ་བྱུང་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེའི་རྣམ་ཐར་དེ་ལྟར་རེད་ལ། ངོས་རང་ཡང་དེ་ལྟར་ཆགས་ཡོད། དེར་བརྟེན། ཕན་པའི་སེམས་ཀྱིས་ཁྱོད་རང་ཚོ་དངོས་སུ་མིའི་རྟེན་ཅན་ལ་ཡོད་པ་ཚོ་མ་ཟད། ངོས་ཀྱིས་རྒྱུན་དུ་སྨོན་ལམ་རྒྱག་བཞིན་པ་ལྟར། ད་ཅིའང་བསམ་བློ་ནན་ཏན་ཞིག་བཏང་བ་ཡིན། ནམ་མཁའི་མཐར་ཐུག་པའི་སེམས་ཅན་སྤྱི་དང་། ལྷག་པར་འཛམ་བུ་གླིང་འདིའི་འགྲོ་བ་མི་གཙོ་བོར་གྱུར་པའི་མི་མ་ཡིན་ལ་སོགས་པ་ཚང་མ་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་བརྒྱབ་པ་ཡིན། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱི།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། ཞེས་ཐམས་ཅད་གཉེན་དུ་བལྟས། གཉེན་དུ་བཀུགས་ནས་དེ་རིང་འདི་ལྟར་ལས་འབྲེལ་ཞིག་བཞག་ནས་མགོ་བཙུགས་པ་དེས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་གསུངས་པ་ལྟར། ད་རེའི་ང་ཚོ་མི་ཚེ་འདིར་ག་ཏེ། ག་ཏེ་ཞེས་པའི་ལམ་སྒོམ་པའི་མགོ་འདིར་བཙུགས། ཚེ་རབས་ནས་ཚེ་རབས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་དང་མི་འབྲལ་བར་རིམ་གྱིས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ངས་སྨོན་ལམ་བརྒྱབ། ཁྱོད་རང་ཚོས་ཀྱང་དེ་བཞིན་སྨོན་ལམ་རྒྱོབས། ཤེས་སོང་ངམ།

འདི་ཡན་ཆད་ཐེངས་འདིའི་བཀའ་ཆོས་བྱེད་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་བ་གཙོ་བོ་དང་། དེ་དང་ཆབས་ཅིག་ལམ་སྤྱིའི་འགྲོ་སྟངས་དང་། ཁ་ཡོད་ལག་ཡོད་ཀྱི་སེམས་རྒྱུད་བཏུལ་ཏེ་ས་ལམ་རིམ་གྱིས་བགྲོད་པ། ངོས་ཀྱི་སེམས་ལ་ག་ཚོད་ཅིག་ངེས་པ་དང་འཆར་བ་དེ་ད་རེ་ཞུས་པ་དེ་ལྟར་རེད། སྟོན་པའི་དམ་ཆོས་རྣམ་གཉིས་དེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པར་སྨྲ་བྱེད་པ།། སྒྲུབ་པར་བྱེད་ཁོ་ན་ཡིན། ཞེས་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་དེ་བཤད་པ་དང་སྒྲུབ་པ་ཁོ་ན་མ་གཏོགས། ལྷ་ཁང་རྩིག་པ་དང་མཆོད་ཆས་སོགས་ཀྱིས་ཕན་གི་མ་རེད། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་དེ་རང་གཞན་གྱི་རྒྱུད་ལ་གོང་ནས་གོང་དུ་རྒྱ་ཆེར་སྤེལ་བ་ལ་གཙོ་བོ་སོ་སོས་དཔེ་ཆ་ཡག་པོ་ཞིག་བལྟས། སློབ་གཉེར་བྱོས། མཁྱེན་སོང་ངམ། སོ་སོའི་བློ་དང་འཚམས་པའི་གཞུང་རྒྱས་བསྡུས་གང་རུང་ལ་བལྟ་བ་དང་། དེའི་དོན་ལ་ཡང་ཡང་བསམས། ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེས་ཡོང་དུས་སེམས་ལ་ཚོར་བ་ཡོད་པ་ཞིག་དང་། དཔེར་ན། བྱང་ཆུབ་ཀྱི་སེམས་དང་པོ་ཐོས་བྱུང་གིས་ཡག་པོ་རེད་སྙམ་པ་ཞིག་སྐྱེས་པ་དང་། དེ་ནས་ཡང་ཡང་བསམ་བློ་བཏང་དུས་སེམས་ཀྱི་གཏིང་ནས་བྱང་ཆུབ་ཀྱི་སེམས་མ་སྒོམ་པར་ཐབས་མི་འདུག་སྙམ་པ་ཞིག་སེམས་ཀྱི་གཏིང་ནས་ངེས་པ་རྙེད་པ་ཞིག་ལ་ཐོས་བྱུང་གི་གོ་བ་དང་བསམ་བྱུང་གི་ངེས་པ་རྙེད་པ་བྱས་ནས་ཡང་ཡང་སྒོམ་སྟེ་སེམས་ནས་ཡིད་ཆེས་ཡོད་པ་དང་། ཡང་ཡང་གོམས་འདྲིས་བྱེད་དུས་མྱོང་བ་སྐྱེས་པ་ཞིག་རེད། ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་ཤེས་རབ་ཞེས་པ་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་པ་རིམ་གྱིས་ཡོང་དགོས་པ་རེད། ཡིན་ནའང་དང་པོར་བསྒོམས་ནས་གང་ལ་གང་འཚམ་ཉམས་མྱོང་སྐྱེ་ཐུབ་པ་ཞིག་ཁྱེད་ཅག་ཚང་མས་དགོངས་པར་བཅངས་ནས་དེ་ལྟར་གནང་ཤོག། ངོས་ཀྱིས་སྨོན་ལམ་རྒྱག

ཚེ་འདི་ལ་བསམ་པ་རྣམ་དག་གིས་ངོས་དང་ལས་འབྲེལ་བྱུང་ནས་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པ་རེད། དེར་བརྟེན། ཚེ་རབས་ནས་ཚེ་རབས་མུ་མཐུད་ནས་ལས་ཀྱི་འབྲེལ་བ་ཡོང་གི་རེད། ཚང་མ་བློ་བདེ་བོ་བཞུགས། ཧུར་ཐག་གནང་ཤོག སོ་སོ་རང་ཉིད་ཀྱིས་ཉམས་ལེན་དེ་དག་བྱེད་པ་དང་ཆབས་ཅིག སོ་སོའི་དགའ་ཉེ་རོགས་པ་ངོ་ཤེས་པ་ཚོར་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོའི་བསམ་བློའི་གཏོང་སྟངས་དེ་མི་ལ་བགོ་བྱ་བརྒྱབ་ནས་ཕན་པ་ཞིག་བྱུང་ཐུབ་ན། ངོས་ཀྱིས་ཁྱོད་ཚོ་ཉུང་ཤོས་ཤིག་དང་ཁྱོད་རང་ཚོས་དགའ་ཉེ་རོགས་པ་སོགས་ལ་བློ་སྦྱངས་སྟངས། སེམས་ཞི་བདེ་བཟོ་སྟངས་ཀྱི་སློབ་སྦྱོང་སྤྲད། དེ་དག་གིས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ། སྟོང་། ཁྲི་འབུམ་ཞེས་ཡོང་ཐུབ་ཀྱི་ཡོད་རེད། དེང་སང་དྲ་རྒྱ་ནང་ལ་ཧ་ཅང་ཁྱབ་ཆེན་པོ་འགྲོ་ཐུབ་ཀྱི་ཡོད་པ་རེད། ངོས་རང་གིས་སྒོམ་བཞིན་ཡོད་པ་རེད། སྒོམ་པ་བཞིན་འགྲེལ་བཤད་རྒྱག་གི་ཡོད། ཁྱོད་རང་ཚོས་དེ་དེ་བཞིན་གང་མང་མང་ཞིག་ཁྱབ་ཐུབ་པ་ཞིག་གནང་ཤོག ད་རེའི་ཐེངས་འདིའི་དགེ་བའི་བྱ་བ་དེ་ལེགས་པར་གྲུབ་པ་རེད། ང་ཚོས་དགེ་བའི་རྩ་བ་ཕྲན་བུ་ཞིག་བསགས་པ་དེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། དེ་ལྟར་ཡིན། རྗེས་ལ་ང་ཚོ་ཐུག་གི་རེད། ཚང་མར་བཀྲ་ཤིས་བདེ་ལེགས། ཅེས་བཀའ་སློལ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བསྡུ་ཆོག་གནང་བ་དང་མི་མང་གིས་ཨ་ར་པ་ཙ་བགྲངས་གསོག་བྱེད་དགོས་པའི་བཀའ་ཕེབས་ཏེ་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་དྲ་ལམ་ནས་ཐད་གཏོང་བརྒྱུད་དེ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་ཆེན་གྱི་སྟ་གོན་དང་དངོས་གཞི། སྤྱན་རས་གཟིགས་སེང་གེ་སྒྲ་ཡི་རྗེས་གནང་ཞུ་མཁན་ཁྱོན་བསྡོམས་ས་ཡ་བཞི་དང་བཞི་འབུམ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་དྲུག་(4,485,616)བྱུང་ཡོད་པ་བཅས།།