དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པར་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པར་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པ་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། དྲ་ལམ་ཐད་གཏོང་བརྒྱུད་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས། དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པའི་འབྲེལ་ཡོད་གོ་སྒྲིག་པས་འཚམ་འདྲི་དང་འབྲེལ་ཉིན་རེའི་གསུང་ཆོས་རྗེས་སུ་བཀའ་འདྲི་ལྔ་རེ་ཡོད་པ་དང་། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་སྨོན་ཞེས་གསོལ་འདེབས་སྙན་སེང་ཞུས་རྗེས། ༸གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་སྟེ་ཆོས་འབྲེལ་བཀའ་སློབ་སྩལ་དོན། 

གཏི་མུག་ནི་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་རེད། དེར་བརྟེན། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་འགྱུར།། ཞེས་པ་ལྟར་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་གཏི་མུག་གིས་བྱེད་ཀྱི་ཡོད་སྟབས། གཏི་མུག་སེལ་རྒྱུའི་གཉེན་པོའི་མཆོག་དེ་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོར་འགྲོ་གི་རེད། དབུ་མ་འཇུག་པའི་ནང་དུའང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ།། ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་།། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།། ཅེས་ཆགས་སྡང་གིས་མཚོན་པའི་ཉོན་མོངས་ཡོངས་ཀྱི་རྩ་བ་ནི་ཡུལ་ལ་ཇི་ལྟར་སྣང་བ་ནང་བཞིན་བདེན་པར་ཞེན་པའི་བདེན་འཛིན་གྱི་བྱེད་ཀྱི་ཡོད་སྟབས། འདི་སེལ་དགོས།

འདི་སེལ་སྟངས་ཇི་ལྟར་རེད་ཅེ་ན། བཞི་བརྒྱ་པའི་ནང་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེ་ཕྱིར་འབད་པས་ཀུན་གྱིས་འདིར།། གཏམ་དེ་ཁོ་ན་བསྙད་པར་བྱ།། ཞེས་གསུངས་པ་དེ་རེད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྩ་བ་ནི་ཉོན་མོངས་དང་། ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པར་བརྟེན་བདེན་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་དགོས་ཀྱི་ཡོད། སྟོང་ཉིད་ཀྱི་ལྟ་བ་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། ལྟ་གྲུབ་སྐོར་གསུངས་པ་ཙམ་མིན་པར་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་རེད། ཉོན་མོངས་སེལ་རྒྱུའི་གཉེན་པོ་གཙོ་བོ་ནི་ཉོན་མོངས་པས་ཇི་ལྟར་བཟུང་བ་ནང་བཞིན་མེད་པར་ངེས་པ་ཐོབ་པ་ཞིག་བྱུང་ན། ཉོན་མོངས་པས་ཇི་ལྟར་བཟུང་བ་ནང་བཞིན་མེད་པ་མཐོང་ཡོང་དུས་རིམ་པས་ཉོན་མོངས་ཀྱི་ཤུགས་ཆུང་དུ་འགྲོ་གི་ཡོད། དེར་བརྟེན། བཞི་བརྒྱ་པའི་མཇུག་ཏུ། དེ་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཁོ་ན་བསྙད་པར་བྱ།། ཞེས་སྟོང་པ་ཉིད་ཀྱི་ལྟ་བ་དེ་གལ་ཆེན་པོ་རེད། ཅེས་གསུངས་པ་འདི་རེད།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་མཛད་པ་རེད། གཙོ་བོ་དབུ་མའི་བསྟན་བཅོས་རྒྱས་པ་ནི་དབུ་མ་རྩ་བ་ཤེས་རབ་རེད། དེའི་འགྲེལ་བ་བཞི་བརྒྱ་པ་འདི་ཧ་ཅང་གལ་ཆེན་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་བཞེད་པ་ཐུན་མོང་མ་ཡིན་པ་ཞིབ་ཚགས་པོས་བཀྲལ་ཡོང་མཁན་སློབ་དཔོན་ཟླ་བ་གྲགས་པ་རེད། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ནི་ཧ་ཅང་རྩ་ཆེན་པོ་རེད་འདུག ངོས་རང་ཆུང་ངུས་སྐབས་དབུ་མ་འཇུག་པ་བློ་འཛིན་བྱས་པ་རེད། འཇུག་པ་རང་འགྲེལ་ནི་བར་སྐབས་ནས་དུས་རྟག་ཏུ་ཀློག་གི་ཡོད། ཧ་ཅང་རྩ་ཆེན་པོ་རེད་འདུག གང་ལྟར་ཀླུ་སྒྲུབ་ཀྱི་རྗེས་འབྲང་མང་པོ་ཡོད་པའི་ནང་ནས་སྟོང་ཉིད་ཕྲ་མོའི་སྐོར་འགྲེལ་བཤད་ཞིབ་ཕྲ་ཡོད་པ་ཕལ་ཆེར་ཟླ་བ་གྲགས་པ་གཙོ་བོ་རེད་འདུག སློབ་དཔོན་སངས་རྒྱས་བསྐྱངས་ཧ་ཅང་ཡག་པོ་ཡོད་པ་རེད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བའི་ནང་། ངོ་བོ་ཉིད་ཀྱིས་གྲུབ་ན། བརྟེན་ནས་བཏགས་པས་ཅི་བྱ། ཞེས་ཚིག་བསྡུས་བསྡུས་ཧ་ཅང་ནུས་པ་ཆེན་པོ་གསུངས་ཡོད། གཞན་ཀླུ་སྒྲུབ་ཀྱི་རྗེས་འབྲང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྣང་བའི་ནང་ཡིན་པ་ཡོད། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར།། འདི་ལ་དཔྱད་པ་མི་འཇུག་གོ། ཞེས་ཧ་ཅང་གསལ་པོ་རེད་འདུག  ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་ཏེ་ཉིན་དང་པོའི་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།