དབུ་མ་འཇུག་པའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

མདུན་ངོས། / དབུ་མ་འཇུག་པའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དྲ་ལམ་བརྒྱུད་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཞོགས་པའི་བདེ་ལེགས་ཞེས་འཚམ་འདྲི་མཛད་རྗེས་བཀའ་སློབ་སྩལ་དོན། ཁ་སང་ཞུས་པ་བཞིན་ཆོས་བྱེད་པའི་དགོས་པ་ནི། སྤྱིར་ཆོས་ལུགས་མང་པོ་ཡོད་ཀྱང་སྡུག་བསྔལ་ཉུང་དུ་གཏོང་བ་དང་། བདེ་བ་མང་དུ་གཏོང་བ་ནི་ཆོས་ལུགས་སྤྱི་ཡོངས་ཀྱི་སྒྲུབ་བྱ་ཆགས་ཡོད་པ་རེད། དེར་བརྟེན། ཆོས་ལུགས་མི་འདྲ་བ་ག་ཚོད་ཡོད་པ་ཚང་མ་འགྲོ་བ་མིའི་ཆོས་ལུགས་རེད། མི་ལ་ཡོད་པའི་ཁྱད་ཆོས་གཙོ་བོ་དང་ཡག་ཤོས་ནི་བྱམས་སྙིང་རྗེ་ཆགས་ཡོད། ང་ཚོ་སྐྱེས་པ་ནས་མ་ཤི་བར་དུ་གཞན་གྱི་བརྩེ་བའི་འོག་ནས་འཚོ་དགོས་པ་ཞིག་ཆགས་ཡོད། དེར་བརྟེན། ཆོས་ལུགས་མི་འདྲ་བ་ཡོད་པ་ཆ་ཚང་འགྲོ་བ་མིའི་ཆོས་ལུགས་ཡིན་པས་ཆོས་ལུགས་རྣམས་ཀྱི་བསླབ་བྱ་ལ་བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས། ཚུལ་ཁྲིམས་ལ་སོགས་པའི་ཉམས་ལེན་གསུངས་ཀྱི་ཡོད། མ་འདྲ་བ་ནི་རྒྱ་གར་གྱི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་ལ་ནང་གི་བསམ་བློ་འགྲོ་སྟངས་སྐོར་ལ་འགྲེལ་བཤད་ཧ་ལས་པའི་རྒྱ་ཆེན་པོ་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་མཚོན་ན་རྒྱ་གར་གྱི་མི་ཞིག་ཆགས་ཡོད་པ་རེད། ཁོང་འཇིག་རྟེན་ལ་ཕེབས་དུས་རྒྱ་གར་ལ་དེ་དུས་ནས་ཆོས་ལུགས་ཀྱི་ལམ་ལུགས་སྲོལ་ཞིག་ཡོད་པ་རེད། ཁོང་གིས་ལོ་དྲུག་དཀའ་བ་སྤྱད་པའི་སྐབས་སུ་དཔྱད་པ་ནན་ཏན་མཛད་དེ་དངོས་པོའི་གནས་ཚུལ་མཐར་ཐུག་གི་སྐོར་ལ་ཕུ་ཐག་ཆོད་པའི་ལྟ་བ་རྙེད་ནས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས།། སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས།། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ།། ཅེས་གསུངས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་དང་མི་འདྲ་བའི་ལྟ་གྲུབ་ཅིག་གཏན་ལ་ཕབ་པ་རེད། 

ཐོག་མར་གོང་དུ་ཞུས་པ་བཞིན་བདེན་པ་བཞིའི་རྣམ་གཞག་བཀའ་སྩལ་བ་རེད། ཆོས་འཁོར་གཉིས་པའི་སྐབས་སུ་བྱ་རྒོད་ཕུང་པོའི་རི་བོ་ལ་ཤེར་ཕྱིན་གྱི་མདོ་བཀའ་སྩལ་བ་རེད། དེ་གཞན་དང་མ་འདྲ་བའི་དམིགས་བསལ་ཞིག་ཆགས་ཡོད། སྔར་བྱོན་པའི་མཁས་པ་སུ་ཡིན་ནའང་ཤེར་ཕྱིན་གྱི་མདོའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་མ་གཏོགས་དེ་དུས་བྱོན་ཟིན་པའི་མཁས་པ་སུས་ཀྱང་དེ་ལྟ་བུ་བཀའ་གནང་མྱོང་མེད་པ་རེད། ཤེར་ཕྱིན་གྱི་མདོ་ཡོངས་གྲགས་བྱས་ནས་བཀའ་སྩལ་བ་ཞིག་མ་རེད། ཡོངས་གྲགས་སུ་གསུངས་པ་དེ་སྡེ་སྣོད་གསུམ། ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ་དེ་ལེགས་སྦྱར་གྱི་ཆོས་སྐོར་དང་པཱ་ལིའི་གཞུང་དུ་གསུངས་པ་གཅིག་མཚུངས་རེད། བདེན་པ་བཞི་དང་བྱང་ཕྱོགས་སོ་བདུན་བཅས་བརྗོད་བྱའི་དབང་དུ་བྱས་ན་གཅིག་མཚུངས་རེད། སངས་རྒྱས་ཀྱི་གསུང་ཟིན་བྲིས་སུ་བཀོད་ནས་ཡོད་པ་རེད། སྔར་གྱི་རྒྱ་གར་གྱི་ལོ་རྒྱུས་ནང་དུ་ཐུན་མོང་ཡིན་པ་འཁོད་ཡོད། བྱ་རྒོད་ཕུང་པོའི་རི་ནས་གསུངས་པའི་ཆོས་སྐོར་དེ་གདུལ་བྱ་ཉུང་ཤོས་ཤིག་ལ་བཀའ་སྩལ་བ་ཡིན་པས་མི་མང་ལ་ཡོངས་གྲགས་ཀྱི་ཆོས་སྐོར་ཞིག་མ་རེད། ཤེར་ཕྱིན་གྱི་ཆོས་སྐོར་ཉམས་ལེན་བྱེད་པ་དང་དོན་ཤེས་པ་ལ་དབང་པོ་རྣོན་པོ་ཞིག་དགོས་ཀྱི་ཡོད་པ་རེད། གང་ལྟར་དཔྱད་པ་བྱེད་པའི་ནུས་པ་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་མིན་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་གོ་དཀའ་བ་རེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་མདོ་སྡེའི་མཚན་ཟུར་ལའང་ཤེས་རབ་བསྟན་ཡོང་གི་ཡོད། 

སྤྱིར་བཏང་ཆོས་སྐོར་ཞེས་པ་ནི་ཐུན་མོང་གི་ཐ་སྙད་ལྟ་བུ་ཞིག་རེད། འགོག་བདེན་དང་ལམ་བདེན་གྱི་སྐོར་ནང་པའི་ཐུན་མོང་མ་ཡིན་པ་ཆགས་ཡོད་པ་མ་གཏོགས་སྤྱི་ཡོངས་སུ་ཆོས་ལུགས་ཀྱི་བསླབ་བྱ་གཅིག་མཚུངས་སུ་ཡོད་པ་རེད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་དག་ལས་སླ་བོའི་ཐོག་རྟོགས་དཀའ་བས་གསུངས་སའི་གདུལ་བྱ་ཉུང་ཤོས་ཡིན་པ་དང་། སྔར་གྱི་ལོ་རྒྱུས་ནང་དུའང་ཐེག་ཆེན་གྱི་ཆོས་སྐོར་ཡོངས་གྲགས་སུ་གསལ་བོ་མེད། ཐེག་ཆེན་གྱི་ཆོས་སྐོར་ཧ་ཅང་རྟོགས་དཀའ་བ་ཞིག་ཡིན་པས་ཉམས་ལེན་བྱེད་མཁན་ཚོའི་ནང་དུའང་ཆད་མཐའ་ལ་ལྷུང་པའི་ཉེན་ཁ་ཡོད་པ་རེད། དེར་བརྟེན། དེའི་གསལ་བཤད་ཀྱི་ཚུལ་དུ་དྲང་ངེས་ཀྱི་དབྱེ་བ་ཕྱེས་པའི་ཆོས་འཁོར་རིམ་པ་གསུམ་པ་བཀའ་སྩལ་བ་རེད། 

དེ་རིང་འདིར་ཆོས་འབྲེལ་བྱེད་པའི་དབུ་མ་འཇུག་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་ཀྱི་འགྲེལ་བ་ཆགས་ཡོད། འདིའི་བརྗོད་བྱ་གཙོ་བོ་ནི་ཆོས་འཁོར་རིམ་པ་གཉིས་པའི་སྐབས་སུ་གསུངས་པའི་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་རེད། སྟོང་པ་ཉིད་ཅེས་པའི་ཐ་སྙད་འདི་སྤྱིར་བཏང་ནང་པའི་ནང་དུ་ཡོངས་གྲགས་ཀྱིས་གྲགས་ཆེན་པོ་ཡོད་པ་རེད། ཡིན་ནའང་། ཞིབ་ཚགས་མོས་འགྲེལ་བཤད་སྐྱོན་མཁན་གཞུང་འདི་དག་ཆགས་ཡོད། དཔལ་མགོན་པོ་འཕགས་པ་ཀླུ་སྒྲུབ་ནི་སྐྱེ་བ་ཁ་ཤས་རིང་ལ་རྟེན་འབྱུང་གི་དོན་གསལ་བར་བྱེད་ཆེད་སྐྱེ་བ་བཞེས་པ་ལྟ་བུ་རེད། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་སངས་རྒྱས་ཀྱི་ཤེར་ཕྱིན་གྱི་ཆོས་སྐོར་ཉམས་སུ་བླངས་ནས་རང་གི་ཉམས་མྱོང་ཐོག་ནས་གཞུང་འདི་མཛད་པ་དང་། འདི་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཆགས་ཡོད། ལེགས་སྦྱར་ནང་དུ་གསུངས་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མ་དཔེ་ད་ལྟའང་ཡོད་པ་རེད། ངོས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེའི་མདུན་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་ལུང་ལེགས་སྦྱར་ཐོག་བཞུགས་པ་དེའི་ཐོག་ནས་ཞུས་པ་ཡིན། ཚིག་གི་གོ་བ་ལེན་སྟངས་དེ་ལེགས་སྦྱར་ནང་དུ་དམིགས་བསལ་གྱིས་ཕན་ཐོགས་ཡོད་པ་ཞིག་རེད། དཔེར་ན།  བོད་ཡིག་ནང་། ལས་དང་ཉོན་མོངས་ཟད་པས་ཐར།། ལས་དང་ཉོན་མོངས་རྣམ་རྟོག་ལས།། དེ་དག་སྤྲོས་ལས་སྤྲོས་པ་ནི།། སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་ཡོད་པ་དང་། ལེགས་སྦྱར་ནང་དུ་ཁུ་ནུ་བླ་མ་རིན་པོ་ཆེས་བཀའ་སྩལ་བ་ལ། དོན་དག་གཉིས་ཡོད་པ་དང་། གཅིག་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་དང་། སྟོང་པ་ཉིད་དུ་འགག་པར་འགྱུར།། ཞེས་དོན་གཉིས་གོ་རྒྱུ་ཡོད་པ་ཞིག་རེད། དང་པོ་ནི་ལམ་བདེན་དང་། གཉིས་པ་ནི་ལམ་བདེན་རེད། དཔལ་ལྡན་ཟླ་བ་གྲགས་པའི་མཛད་པའི་དབུ་མ་འཇུག་པའི་རྩ་གཞུང་ད་ལྟ་ལེགས་སྦྱར་ནང་དུ་ཡོད་མེད་ཤེས་འདོད་འདུག ཁྱོད་རང་ཚོར་མཁྱེན་རྟོགས་ཡོད་དམ། རྒྱ་གར་གྱི་མཁས་དབང་ཚོས་དེའི་སྐོར་ཉམས་ཞིབ་ཅིག་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཝ་ར་ན་སིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ཡོད་པ་རེད། ཁྱེད་རང་ཚོས་དེ་དག་ནས་ཉམས་ཞིབ་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ལེགས་སྦྱར་གྱི་སྐད་དེ་ཤེས་ཡོན་ཅན་གྱི་མི་ཚོས་བེད་སྤྱོད་གཏོང་བའི་སྐད་ཡིག་ཅིག་ལ་ངོས་འཛིན་གནང་གི་ཡོད་པས་མགོན་པོ་ཀླུ་སྒྲུབ་ཀྱིས་ལེགས་སྦྱར་ཐོག་མཛད་སྟངས་དང་དཔལ་ལྡན་ཟླ་གྲགས་ཀྱིས་ལེགས་སྦྱར་ཐོག་མཛད་སྟངས་ལ་གཤིབ་བསྡུར་གནང་བ་ཡིན་ན་ལེགས་སྦྱར་གྱི་སྐད་རང་ལ་ཏན་ཏན་ཕན་རླབས་ཡོང་གི་རེད། དེ་ཁྱོད་རང་ཚོའི་ཆེད་དུ་ཡིན་མ་གཏོགས་ངོས་ཀྱི་ཆེད་དུ་མིན། ངོས་རང་ལེགས་སྦྱར་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་ཡོལ་བ་རེད། རྒྱ་གར་གྱི་ཧིན་དྷིའི་སྐད་ལ་ཆ་བཞག་ནའང་ཚིག་མང་པོ་ཞིག་སྦྱང་འདོད་ཡོད་ཀྱང་། ཉུང་ཤོས་ཤིག་མ་གཏོགས་ཡོང་ཐབས་མི་འདུག རྒྱ་གར་གྱི་ཚིག་ཡག་ཤོས་ནི་ཟ་མ་དང་ཆུ་གྲང་མོ་དང་ཚ་བོ་ཤེས། སྔོན་རྒྱ་གར་ལ་འབྱོར་མ་ཐག་ནས་རྒྱ་གར་གྱི་སྐད་སྦྱང་ཡོད་ན་བསམ་བསམ་ཞིག་དེང་སང་དྲན་གྱི་འདུག་ཀྱང་ད་ལྟ་དུས་ཚོད་ཡོལ་ཟིན་པ་རེད། ཅེས་དབུ་མ་འཇུག་པའི་རྩ་བ་ལེགས་སྦྱར་ཐོག་ཡོད་མེད་རྩད་གཅོད་ཀྱིས་དབུ་མ་རྩ་བ་ཤེས་རབ་དང་བསྡུར་ནས་གཟིགས་པ་ཡིན་ན་ཕན་ཐོགས་ཡོད་སྐོར་སོགས་བཀའ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ།

མཐར་དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པའི་གོ་སྒྲིག་པའི་ངོས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་འཇུག་པའི་བཀའ་ཆོས་སྩལ་རྒྱུ་ཞལ་བཞེས་གནང་བ་དང་། བཀའ་ཆོས་སྩལ་བ་ལ་བཀའ་དྲིན་ཆེ། ཕྱི་ལོ་ ༢༠༡༢ ནས་བཟུང་ང་ཚོ་ནཱ་ལེནྡྲའི་སློབ་མའི་ཚོགས་པར་རྡ་རམ་ས་ལ། མོན་བྷེ། སེངྒེ་ཏ། རྡོ་རྗེ་གདན་ལ་སོགས་སུ་བཀའ་ཆོས་སྩལ་བ་དང་། ད་ལྟ་དྲ་རྒྱ་བརྒྱུད་ནས་ང་ཚོར་བཀའ་ཆོས་བཀའ་དྲིན་སྩལ་བ་ལ་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མཐོ་སློབ་ཆེ་ཁག་དང་གཞོན་སྐྱེས་རྣམས་པར་བཀའ་ཆོས་ཁྱབ་སྤེལ་གཏོང་བར་གང་ཐུབ་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་ཐུགས་རྗེ་ཆེ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས། ལོ་རྗེས་མར་ཏན་ཏན་འགྱུར་བ་འགྲོ་རྒྱུ་རེད་བསམ་གྱི་འདུག ལོ་མཇུག་རྡོ་རྗེ་གདན་ལ་བཅར་ནས་ཆོས་འབྲེལ་བྱེད་པའི་འདུན་པ་བརྟན་པོ་ཡོད། གང་ལྟར་ལོ་བཅོ་ལྔ་ཉི་ཤུ་ལ་ངོས་རང་སྡོད་ཀྱི་རེད། དེར་བརྟེན། མུ་མཐུད་ནས་གཞན་ལ་བཀའ་མོལ་དང་ཆོས་འབྲེལ་བྱེད་པའི་འདུན་པ་བརྟན་པོ་ཡོད། ངོས་ཀྱིས་ཉམས་ལེན་བྱེད་པའི་དགོས་པའང་གཞན་ལ་ཕན་ཐོགས་བྱེད་པ་ལ་ངོས་རང་གི་ངོས་ནས་གཞན་དོན་བྱེད་པའི་སྙིང་སྟོབས་ཞུམ་པ་མེད་པ་ཡོད། ཅེས་སོགས་བཀའ་སྩལ་ཏེ་ཉིན་གསུམ་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།