ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལེ་ཏིང་ཧུའི་སྐུ་ཚེ་མ་ཟིན་པ་ལ་ཐུགས་གསོའི་འཚམས་འཕྲིན་སྩལ་བ།

མདུན་ངོས། / ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལེ་ཏིང་ཧུའི་སྐུ་ཚེ་མ་ཟིན་པ་ལ་ཐུགས་གསོའི་འཚམས་འཕྲིན་སྩལ་བ།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལེ་ཏིང་ཧུའི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་པས་ཐུགས་ཕམ་དང་བཅས་སྲིད་འཛིན་ཟུར་པའི་སྐུ་ཟླ་ཚེང་ཝེན་ཧུའི་ཡི་ནང་མི་འཁོར་བཅས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཏེ་གདུང་སེམས་མཉམ་བསྐྱེད་མཛད་ཡོད།

གསུང་འཕྲིན་ནང་། “ཁྱེད་ཀྱིས་མཁྱེན་གསལ་ལྟར། ཁོང་ཐེ་ཝན་མི་མང་གིས་བརྩི་བཀུར་ཆེན་པོས་ཐོག་མར་འོས་འདེམས་ཀྱིས་སྲིད་འཛིན་གནང་བཞིན་པའི་སྐབས་ཏེ། ཕྱི་ལོ་ ༡༩༩༧ ལོར་ངོས་ཐེ་ཝན་དུ་ཐོག་མར་སླེབས་ཏེ་དངོས་སུ་མཇལ་བའི་སྐལ་བ་བྱུང་ཞིང་། དེའི་རྗེས་སུའང་ཐེ་ཝན་ནང་དང་། ཞི་བདེའི་ལྷན་ཚོགས་སོགས་སུ་མཇལ་ཕྲད་བྱུང་ལ། ངོས་སྒེར་གྱི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་དང་།

ཡང་། “ཁོང་གིས་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ཡར་རྒྱས་ལ་རྨད་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད་ལ། དེང་སྐབས་ཐེ་ཝན་ནི་སྲོལ་རྒྱུན་གྱི་རིག་གཞུང་ཕྱུག་པོ་ཡོད་པའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་མང་གཙོའི་ཡུལ་ལུང་ཞིག་ཏུ་གྱུར་ཡོད། ང་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་ལེགས་ཤོས་ནི་ཁོང་གི་སྙིང་སྟོབས་དང་ཆོད་སེམས་རྗེས་སུ་དྲན་པའི་སྒོ་ནས། མང་གཙོའི་ཆེད་དུ་བློས་གཏོང་གནང་བའི་མཛད་བཟང་གི་རྗེས་སུ་འཇུག་རྒྱུ་དེ་ཡིན།” ཞེས་དང་།

མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོས། “སྲིད་འཛིན་ཟུར་པ་ལེ་ཏིང་ཧུའི་ནི་བོད་མིའི་འཐབ་གྲོགས་ཤིག་དང་། བོད་མིར་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན།” ཞེས་གསུངས་ཡོད།