བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་པ། 

མདུན་ངོས། / བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་པ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཉིན་གསུམ་རིང་གི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་དྲ་ལམ་ཆོས་ཞུ་བས་མགོན་པོ་གང་ཉིད་གི་གསོལ་འདེབས་དང་མཎྜལ་སོགས་གསུང་འདོན་གྲུབ་མཚམས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་བོད་རིགས་སློབ་ཕྲུག་ཚོ་གཙོ་བོར་གྱུར་བའི་གཞོན་ནུ་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་ཡོད་པ་རེད། སྔོན་ལ་ངོས་ཀྱིས་འདི་བཤད་འདོད་བྱུང་། ཆོས་ཟེར་བ་ནི་ལོ་སྟོང་ཕྲག་གཉིས་གསུམ་གྱི་གོང་ནས་ཡོད་པ་ཞིག་རེད། ད་ཆ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ཡོད། འཕྲུལ་ཆས་དང་ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་དེ་སྔ་མིའི་བསམ་ཡུལ་ལ་མེད་པ་དེ་འདྲ་དེང་སྐབས་འཕྲུལ་ཆས་ཡར་རྒྱས་སུ་ཕྱིན་ནས་དངོས་སུ་ལོངས་སྤྱོད་རྒྱུ་ཡོད་པ་ཞིག་ཆགས་འདུག དེ་ལྟ་བུའི་དུས་སྐབས་སུ་ཆོས་ཟེར་བ་འདི་འབྲེལ་བ་ཅི་ཞིག་ཡོད་པའི་སྐོར་ངོས་ཀྱིས་བཤད་འདོད་འདུག ཆོས་ཟེར་བ་འདི་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པ་འདི་གཙོ་བོ་མིར་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་ཆོས་དང་དཀོན་མཆོག་ཟེར་བ་ལྟ་བུ་དང་། སངས་རྒྱས་ཟེར་བ་ལྟ་བུ་སླེབ་ཀྱི་འདུག

དེང་སྐབས་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པའི་ནང་ཆོས་ཡོད་མཁན་གྱི་སྡེ་ཚན་གཅིག་དང་། ཆོས་མེད་མཁན་གྱི་སྡེ་ཚན་གཅིག ལྷག་པར་ཆོས་ལ་སྐྱོན་དུ་བལྟས་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་གྱི་སྡེ་ཚན་གཅིག གཞན་ཡང་། དམིགས་བསལ་དོ་སྣང་མེད་མཁན་གྱི་སྡེ་ཚན་གཅིག་བཅས་ང་ཚོས་བཤད་ཐུབ་ཀྱི་འདུག དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཆོས་ལ་ངོ་རྒོལ་བྱས་ནས་ཆོས་སྤངས་པའི་མི་དེར་བདེ་སྐྱིད་མང་བ་འདུག་གམ་མི་འདུག བཏང་སྙོམས་ཡོད་མཁན་ཚོ་དམིགས་བསལ་བརྩི་་རྒྱུ་གང་ཡང་ཡོད་པ་མ་རེད།  ཆོས་ཡོད་མཁན་དེ་དག་ལ་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་དཔེར་ན་ཡི་ཤུའི་ཆོས་པ་ཡིན་ནའང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཅེས་དེ་ལ་ཡིད་ཆེས་བྱེད་བཞིན་ཡོད་སྟབས། དཀའ་ངལ་འཕྲད་པའི་སྐབས་དཀོན་མཆོག་མཁྱེན་ཞེས་ཕན་གྱི་ཡོད་པ་རེད།

དེ་དང་དེ་འདྲ་བའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚང་མར་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་ཤིག་ཡོང་གི་འདུག གང་ལྟར་གལ་ཆེ་ཤོས་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་དང་། བྱམས་བརྩེ་དགོས་པ་རེད་ཅེས་གསུང་གི་འདུག ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། ཆོས་ལུགས་ཁག་དེ་དག་མིའི་ཆོས་ལུགས་རེད། མི་སྐྱེས་པ་ནས་བཟུང་བྱམས་བརྩེ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག  དེར་བརྟེན། མིའི་ལྷན་སྐྱེས་རང་བཞིན་ལ་བརྩེ་བ་ཟེར་རྒྱུ་ཞིག་རང་བཞིན་གྱི་ཡོད། དེང་སྐབས་ཚན་རིག་པས་འགྲོ་བ་མིའི་རིགས་འདི་སྤྱི་ཚོགས་ལ་བརྟེན་པ་ཞིག་རེད། དུད་འགྲོ་ལ་ཆ་བཞག་ནའང་བྱ་དང་བྱིའུ་རི་དྭགས་སོགས་སྤྱི་ཚོགས་ལ་བརྟེན་བཞིན་ཡོད་སྟབས། གང་ལ་བརྟེན་སའི་ཚོགས་པ་དེ་ལ་བརྩེ་བ་རང་བཞིན་གྱི་ཡོང་བཞིན་ཡོད། མི་ཁེར་རྐྱང་བྱས་ནས་འཚོ་ཐུབ་ཐབས་མེད། སྲོག་ཆགས་རིགས་གང་ཡིན་ནའང་སྤྱི་ཚོགས་ཤིག་ལ་བརྟེན་ནས་འཚོ་དགོས་མཁན་དེ་དག་རང་བཞིན་གྱི་སྤྱི་ཚོགས་ལ་བསམ་བློ་འཁོར་བཞིན་ཡོད་པ་ཚན་རིག་པས་རྗོད་ཀྱི་འདུག དེ་བདེན་པ་རེད།

མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་དང་། ཆོས་ལུགས་དེ་དག་མིའི་ཆོས་ལུགས་ཡིན་པར་བརྟེན་མིའི་བསམ་བློའི་ནང་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་སོགས་ཡོད་པ་ནང་བཞིན་དུད་འགྲོ་ལའང་ཡོད།  མི་ཁོང་ཁྲོ་ཅན་ཞིག་ཡོད་ན་ཁོ་ཁོང་ཁྲོ་ཧ་ཅང་ཚ་བོ་ཡོད་པ་རེད་ཟེར་བ་ལྟ་བུ་དང་། མི་དོགས་པ་ཚ་བོ་དང་སེར་སྣ་ཡོད་པ་སོགས་གང་ལྟར་མི་གྲལ་ནས་མར་ཕུད་ཡོང་གི་འདུག མིའི་སྤྱི་ཚོགས་ནང་མི་ཚང་མས་དགའ་པོ་བྱེད་པ་ལ་མི་སེམས་པ་བཟང་པོ་ཞིག་ཡོད་པ་ཡིན་ན། སློབ་སྦྱོང་ཡོད་མིན་དང་རྒྱུ་ཡོད་མེད་ལ་མ་ལྟོས་པར་མི་སེམས་པ་བཟང་པོ་ཞིག་ཡོད་པ་ཡིན་ན་འཁྲིས་ཀྱི་བྱ་བྱིའུ་ཚོས་དགའ་པོ་བྱེད་པ་དང་། མིས་རང་བཞིན་གྱི་དགའ་པོ་བྱེད་པ་གསལ་པོ་འདུག དེར་བརྟེན། ཆོས་ལུགས་ཚང་མས་བྱམས་བརྩེ་ཟེར་བ་འདི་གསུང་བཞིན་འདུག 

རྒྱ་གར་ལ་ཡོད་པའི་ཆོས་དེ་དག་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་ཐོག་མར་ཆོས་ཀྱི་བསམ་བློ་ཕལ་ཆེར་ཡོང་བཞིན་ཡོད། དེ་དུས་ Ahimsa ཞེས་པའི་འཚེ་བ་མེད་པ་དང་། འཚེ་བ་མེད་པའི་རྩ་བ་ Karuna སྙིང་རྗེ་ཞེས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་ནས་བྱམས་བརྩེ་དང་བཟོད་པ། འཚེ་བ་མེད་པ་བྱུང་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་རྒྱ་གར་གནའ་རབས་ནས་ཡོད་པའི་འཚེ་བ་མེད་པ་དང་། སྙིང་རྗེ་ཟེར་བ་འདི་རྩ་བར་བཞག་པ་ཞིག་ཕལ་ཆེར་ཆགས་འདུག ཆོས་ལུགས་འདྲ་མིན་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། གཞན་ལ་འཚེ་བ་དང་དབང་ཡོད་བཤད་པའི་གོ་སྐབས་ཡོད་བཞིན་དུ་དེ་ལྟར་བྱེད་ན་འགྲིག་གི་མ་རེད་སྙམ་སྟེ་རང་ཁྲིམས་སྲུང་རྒྱུ་ཞིག་ཆོས་ལུགས་ཚང་མའི་ནང་ཡོད་པ་རེད། ཆོས་ལུགས་དེ་དག་གིས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་རྒྱུ་མཚན་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་འདི་བྱམས་བརྩེའི་བདག་ཉིད་རེད། གང་ལྟར་ཆོས་ལུགས་ཚང་མས་དཀོན་མཆོག་ཟེར་དུས་བྱམས་བརྩེའི་བདག་ཉིད་དུ་མཐོང་བཞིན་འདུག 

ང་ཚོ་བོད་ཀྱི་ཆོས་ནང་ལྷ་ཧ་ཅང་དྲག་པོ་དེ་འདྲ་ཡོང་བཞིན་འདུག །དེ་ཡང་དམིགས་བསལ་གྱིས་ཉོན་མོངས་ལམ་འཁྱེར་དང་ཞེ་སྡང་ལམ་འཁྱེར་ཟེར་བ་ཞིག་ཡོང་གི་ཡོད་པ་རེད། དེ་ནི་མི་ཉུང་ཤོས་ཤིག་ལ་ཐབས་མཁས་ཀྱི་ཉམས་ལེན་ཡོད་པའི་ཐོག་ནས་ཞེ་སྡང་ལམ་འཁྱེར་ཟེར་བ་ཞིག་ཡོང་གི་ཡོད་པ་རེད་མ་གཏོགས། སྤྱིར་བཏང་གི་མི་ཚང་མར་འགྲོ་བཞིན་པ་ཞིག་མ་རེད། དེ་ནི་སེམས་ཕྲ་རགས་ཕྱེ་བ་དང་རྩ་རླུང་ཐིག་ལེ་ཡི་ཉམས་ལེན་དང་སྦྲེལ་ནས་འདོད་ཆགས་ལམ་འཁྱེར། ཞེ་སྡང་ལམ་འཁྱེར། གཏི་མུག་ལམ་འཁྱེར་ཟེར་བ་ཞིག་བཤད་ཀྱི་ཡོད་པ་རེད། དེ་ཡང་གཞི་རྐང་གཉིད་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན་པ་འདྲ།  གཏི་མུག་ལམ་བྱེད་ཐད་རྡོ་རྗེ་ཨ་ར་ལའི་རྒྱུད་ཟེར་བ་ཞིག་གོ་བ་མ་གཏོགས་མཐོང་མ་མྱོང་།  དུག་གསུམ་ལམ་བྱེད་དངོས་གནས་ཚད་ལྡན་ཞིག་བྱུང་བ་ཡིན་ན། སྤྱིར་ཉོན་མོངས་དུག་གསུམ་དོར་བྱ་རེད།   སྐྱོན་རེད། ཡིན་ནའང་ཐབས་མཁས་ཀྱི་གྲོགས་དང་བཅས་པའི་ཐོག་ནས་ལམ་དུ་བྱེད་ཐུབ་ན། དཔེར་ན། སྨན་ལ་དུག་གི་རིགས་མང་པོ་ཡོད་པ་རེད། སྤྱིར་དུག་ཁོ་རང་གནོད་བྱེད་ཅིག་ཡིན་ནའང་རྫས་གཞན་དག་དང་བསྲེས་ནས་ཡོང་དུས་བཙན་དུག་ལྟ་བུ་དུག་ཡིན་ནའང་སྨན་གྱི་སྦྱོར་བའི་ནང་དུ་བཙན་དུག་ཡོང་བཞིན་ཡོད། དེ་ལྟ་བུ་བྱས་ཏེ་ཐབས་མཁས་ཀྱི་རྫས་ཆ་ཚང་ཡོད་པའི་ཐོག་ནས་ཉོན་མོངས་ལམ་བྱེད་ཟེར་བ་ཞིག་བཤད་ཀྱི་ཡོད་པ་རེད། དེ་གཙོ་བོ་སྔགས་ཀྱི་སྐབས་སུ་ཡོང་བཞིན་ཡོད་པ་རེད། ལྷ་དྲག་པོ་ཡོད་པ་ནི་ཕལ་ཆེར་དེ་འདྲ་རེད།

གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་རེད། དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་རེད། དེར་བརྟེན་ང་ཚོ་ཚང་མ་བྱམས་བརྩེའི་བདག་ཉིད་ཀྱི་ཕ་དཀོན་མཆོག་དེའི་སྲས་རེད། ཅེས་པ་འདི་ནུས་པ་ཆེན་པོ་འདུག འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ཁ་ཤས་ཡོད་པ་དེ་དག་དཀོན་མཆོག་གཅིག་གི་སྲས་ཡིན་སྟབས། བསམ་བློ་ཡག་པོ་བཏང་བ་ཡིན་ན། གཅིག་གིས་གཅིག་ལ་འཁྲུག་པ་བརྒྱབ་པ་དང་། གསོད་རེས་བཏང་ཟེར་བ་ནི་ཡབ་ཟེར་ན་རེད། གང་ལྟར་དཀོན་མཆོག་གཅིག་གི་སྲས་ཆགས་ཡོད་སྟབས་ཤིན་ཏུ་མ་འོས་པ་རེད། ཆོས་ལུགས་དེ་དག་ཚང་མར་མི་ལ་བཟང་པོའི་བསླབ་བྱ་ཡོད་པ་ཞིག་རེད་འདུག ཡིན་ནའང་ང་ཚོས་དཀོན་མཆོག་གི་ཆོས་ཀྱི་ནང་བྱམས་བརྩེ་སོགས་ད་ལྟ་བཤད་མ་ཐག་པའི་ཉམས་ལེན་བྱེད་རྒྱུ་སོགས་དེ་ཙམ་མེད་པར་མིང་ཞིག་འཁྱེར་ནས་ང་ཡི་ཤུ་ཡིན། ང་ཁ་ཆེ་ཡིན། སྐབས་རེ་ང་ནང་པ་ཡིན། ང་ཧིན་དུ་ཡིན་ཞེས་པའི་ཐོག་ནས་ཤོག་ཁག་འཐེན་འཁྱེར་བྱ་རྒྱུའི་རྐྱེན་ལ་འགྲོ་ཡི་འདུག

ཆོས་ཀྱི་ཉམས་ལེན་ངོ་ཐོག་རང་ཡག་པོ་བྱེད་པ་ཡིན་ན། ཆོས་ཚང་མ་བྱམས་བརྩེའི་བདག་ཉིད་ཡིན་སྟབས། ཚང་མར་ཕན་གྱི་ཡོད། ད་ཆ་འཛམ་གླིང་འདིའི་སྟེང་ངོས་ཀྱི་ངོ་ཤེས་པ་མང་པོ་ཡོད། ཡི་ཤུ་དང་འཇིའུ་ཆོས་པ་དེ་འདྲ་ཡོད། དངོས་འབྲེལ་སེམས་པ་བཟང་པོ་ཐོག་ནས་དཀོན་མཆོག་གི་བསྟོད་པ་འདོན་སྐབས་མིག་ཆུ་བཏང་ནས་དཀོན་མཆོག་ལ་ཡིད་ཆེས་དང་འབྲེལ་བའི་ཐོག་ནས་བྱམས་བརྩེའི་ཉམས་ལེན་བྱེད་མཁན་ཡག་ཐག་ཆོད་དེ་འདྲ་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་གཙོ་འདོན་བྱས་ནས་གསུང་བཞིན་ཡོད། བྱམས་བརྩེ་དགོས་པའི་སྒྲུབ་བྱེད་རྒྱུ་མཚན་ལ་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་བརྒྱག་པར་རྒྱ་གར་གི་ཆོས་ལུགས་དེ་དག་ཤུགས་ཆེ་བ་རེད་འདུག  རིམ་བཞིན་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་སྟོན་པ་ཐུབ་པའི་དབང་པོས་རང་གི་གདུལ་བྱའི་སྡུག་བསྔལ་གྱི་རྒྱུ་སྡིག་པ་འདི་ཆུས་འཁྲུ་ཐུབ་ཀྱི་མ་རེད། ཆོས་ལུགས་ཁ་ཤས་ཀྱི་ནང་འཁྲུ་ཟེར་རྒྱུ་དེ་འདྲ་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཚོའི་སྡུག་བསྔལ་འདི་ཕྱག་གིས་བསལ་རྒྱུ་མེད། བཅོམ་ལྡན་འདས་ཀྱི་ཐུགས་བརྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ཡོན་ཏན་དེ་ཚོའི་གྲས་ང་ཚོ་ལ་མར་སྦྱིན་རྒྱུ་ཡང་མེད། འོ་ན། བཅོམ་ལྡན་འདས་ཀྱིས་གདུལ་བྱར་ཕན་ཐོགས་ཇི་ལྟར་མཛད་ཀྱི་ཡོད་དམ་ཞེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་བདེ་སྡུག་གི་འགྲོ་སྟངས་ཇི་ལྟར་ཡིན་པ་བཅོམ་ལྡན་འདས་རང་གི་ཉམས་མྱོང་གི་ཐོག་ནས་བསྟན་དེ། བཅོམ་ལྡན་འདས་རང་ཉིད་ཀྱིས་ཉམས་ལེན་ཇི་ལྟར་གནང་ནས་སྐྱོན་ཀུན་གསལ་དང་ཡོན་ཏན་ཀུན་ལྡན་ཆགས་པ་རེད། རང་གི་གདུལ་བྱ་ཚོར་ཡིན་ནའང་ཉམས་མྱོང་དེ་མར་བསྟན་ནས་གསུང་གི་ཡོད་པ་རེད། 

དེར་བརྟེར། ཆོས་ཞེས་པ་ནི་འཛིན་པ་དང་། ཕལ་ཆེར་ཆོས་ལུགས་ཚང་མར་གོ་ཆོག་གི་མེད་དམ། གང་ལྟར་འཇིགས་པ་ལས་སྐྱོབ་པ་དང་སྡུག་བསྔལ་ལས་སྐྱོབ་པ་རེད། བོད་སྐད་ནང་དུ་ཆོས་ཞེས་པ་ནི་བློ་ལ་བསྒྱུར་བཅོས་བཏང་བའི་དོན་རེད། ང་རང་ཚོ་གཞི་རྩའི་ཆུང་ཆུང་སྐབས་ནས་བྱམས་བརྩེ་ཡོད་པ་ཞིག་རེད། དེ་ཡར་རྒྱས་གཏོང་བ་དང་། ཡར་རྒྱས་གཏོང་བ་ལ་བྱམས་བརྩེའི་འགལ་ཟླའི་སྐོར་སེམས་ཁམས་རིག་པའི་རྣམ་གཞག་ལ་ནང་པ་ཧ་ཅང་རྒྱས་པོ་རེད། སེམས་པ་བཟང་པོ་བྱེད་པ་ནི་ཡོན་ཏན་དང་། བདེ་སྐྱིད་ཀྱི་རྩ་བ། བྱམས་བརྩེ་ཡོད་ན་སོ་སོ་སྐྱིད་པ་དང་རོགས་པ་ཚོ་ཡིན་ནའང་སྐྱིད་པ་ཡིན་པས་སྨན་ཟོས་ནས་བྱམས་བརྩེ་སྤེལ་ཐབས་ཡོད་པ་མ་རེད། བྱམས་བརྩེ་སྤེལ་ཐབས་ནི་དེའི་འགལ་རྐྱེན་ལ་དོ་སྣང་གིས་ཤེས་པ་བྱེད་དགོས། བྱམས་བརྩེའི་འགལ་རྐྱེན་ཁོང་ཁྲོ། ང་རྒྱལ། ཕྲག་དོག འགྲན་སེམས་ཟེར་བའི་གྲས་ཀྱིས་བྱམས་བརྩེའི་ནུས་པ་ཤུགས་ཆུང་དུ་གཏོང་བཞིན་ཡོད། དེར་བརྟེན། བློ་སྦྱོང་བརྡར་བྱེད་སྐབས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུ་དམིགས་ཡུལ་ལ་བཞག་ནས་དེའི་འགལ་རྐྱེན་གྱི་བློ་རྣམས་ཤེས་པ་བྱས་ཏེ་ཤུགས་ཆུང་དུ་གཏོང་དགོས། དེ་ལ་ཕྱོགས་རིས་ཀྱི་བློ་ལྟ་བུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཡོང་གི་ཡོད་པ་དང་། དེས་རྙོག་དྲ་བཟོ་བཞིན་ཡོད་པས་ཡིན་ལུགས་ཀྱི་གནས་ཚུལ་གང་ཡིན་པ་ཇི་བཞིན་ཤེས་པའི་སྒོ་ནས་བསམ་བློ་བཏང་བ་ཡིན་ན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྐྱེན་གྱིས་བློ་འཁྲུག་པ་ཉུང་དུ་འགྲོ་ཐུབ། དེར་བརྟེན། སངས་རྒྱས་པའི་ཆོས་ནི་སེམས་ལ་འགྱུར་བ་གཏོང་ཐབས་ཤིག་རེད། སངས་རྒྱས་པའི་ཆོས་ནི་ལེགས་སྦྱར་དང་པཱ་ལི་གང་ཡིན་རུང་བསླབ་པ་གསུམ་ཞེས་པའི་ནང་འགྲོ་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་དྲ་ལམ་ཆོས་ཞུ་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་རྗེས་ཉིན་དང་པོ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་སྟེ་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་འདི་བཞིན་དབྱིན་སྐད་དང་རྒྱ་གར་སྐད། བལ་ཡུལ་སྐད། རྒྱ་ནག། ཧྥ་རན་སི། ར་ཤི་ཡ། སི་པེན། ཝི་ཏི་ནམ། ཉི་འོང་། སོག་པོ། ཀོ་རི་ཡ། འཇར་མན། པོར་ཇུ་གྷལ། ཨི་ཊ་ལིའི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གྱིས་༸གོང་ས་མཆོག་གི་དྲ་ཚིགས་དང་ངོ་དེབ་ནང་ཐད་གཏོང་ཞུས་ཡོད་པ་བཅས།