བྷི་ཧཱར་མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

མདུན་ངོས། / བྷི་ཧཱར་མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

༄༅། །ཉེ་ལམ་རྒྱ་གར་ནང་ཆར་ཞོད་ཀྱི་རྐྱེན་པས་ས་ཁུལ་མང་པོར་ཆུ་རུད་དང་ས་རུད་སོགས་རང་བྱུང་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་པའི་གནས་ཚུལ་ཐོན་བཞིན་ཡོད་པ་ལྟར།  རྒྱ་གར་བྱང་ཕྱོགས་བྷི་ཧཱར་ Bihar མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་མང་རྣམས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པར་བརྟེན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Shri Nitish Kumar  མཆོག་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ཆར་ཞོད་ཀྱི་རྐྱེན་པས་ས་ཁུལ་མང་པོར་ཆུ་རུད་ཀྱི་རང་བྱུང་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་པ་རྣམས་ལ་མངའ་སྡེ་གཞུང་གིས་ཛ་དྲག་ངལ་སེལ་རོགས་སྐྱོར་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ངོས་ཀྱིས་མངའ་སྡེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་ངལ་སེལ་ལས་གཞིར་དམིགས་ནས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་འབུལ་རྒྱུ་ཡིན།

རྒྱ་གར་བྱང་ཕྱོགས་བྷི་ཧཱར་ནང་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་ལོ་ནས་ལོ་མི་རྒྱུ་གཉིས་ལ་གོད་ཆག་དང་དཀའ་ངལ་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཕྱོགས་མཚུངས་ངོས་རང་སྐུ་ཉིད་ཀྱི་གྲོགས་པོ་དང་རྒྱུན་དུ་བྷི་ཧཱར་ནང་ཡང་ཡང་སླེབས་མཁན་ཞིག་ཡིན་སྟབས། བྷི་ཧཱར་མངའ་གཞུང་ནས་ཕུག་རྒྱང་རིང་པོའི་ལམ་ནས་དཀའ་ཚེགས་འདི་བཞིན་མི་ཡོང་བའི་ཐབས་ལམ་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

སྐུ་ཉིད་བརྒྱུད་ཆུ་རུད་ཀྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་དང་སྤུན་མཆེད། ལྷག་པར་ཆུ་རུད་ཀྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད། 
                               
  གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།