རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས། བྱམས་བརྩེ་བཅས་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་།

མདུན་ངོས། / རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས། བྱམས་བརྩེ་བཅས་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་(United States Institute of Peace)གི་དབུ་འཛིན་ནེན་སི་ལིན་བོརྒ་༼Nancy Linborg, CEO, USIP༽ལགས་དང་། དེ་གའི་མི་རབས་འཕོ་འགྱུར་གྱི་ཉམས་ཞིབ་པ་ཁག་གཅིག་བཅས་ནས་རྙོག་ཟིང་དང་། ཏོག་དབྱིབས་ནད་ཡམས། བྱམས་བརྩེ་༼ Conflict, COVID and Compassion༽ བཅས་ཀྱི་འབྲེལ་བའི་སྐོར་ལ་དྲ་ལམ་བརྒྱུད་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། 

དེ་ཡང་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩།༠༠ པ་ཙམ་ནས་རྡ་རམ་ས་ལའི་བཞུགས་སྒར་གཟིམ་ཆང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་ནེན་སི་ལིན་བོརྒ་ལགས་ཀྱིས་༸གོང་ས་མཆོག་ལ་བསྐྱར་དུ་མཇལ་བར་བཀའ་དྲིན་ཆེ་ཞེས་སོགས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གི་དམིགས་ཡུལ་དང་དཀའ་རྙོག་ཅན་གྱི་ཡུལ་ལུང་ཁག་གི་གནས་སྟངས་སྙན་སེང་དང་དེའི་ཐད་བཀའ་སློབ་ལམ་སྟོན་ཡོང་བའི་གསོལ་འདེབས་དང་འབྲེལ་དྲི་བ་ཕུལ་བ་དང་། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། 

ལོ་མང་པོའི་གོང་ནས་ཁྱེད་རང་གིས་གཞོན་སྐྱེས་མང་པོ་ཁྲིད་ནས་རྡ་རམ་ས་ལར་ཕེབས་པ་རེད། དེ་ག་དུས་ཡིན་ནའང་ངོས་ཀྱིས་བརྗེད་ཀྱི་མེད། ཁྱེད་རང་ཕྱག་ལས་གནང་བ་ལ་འདུན་པ་ཡོད་པ་དང་འབད་བརྩོན་གནང་བ་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཆ་ལ་དམག་གི་ནུས་སྟོབས་སྐོར་ལ་དོན་གཉེར་ཆེན་པོ་བྱས་ཏེ་དངུལ་ས་ཡ་མང་པོ་བཏང་ཡོད་པ་རེད། ཚན་རིག་པ་རིག་པ་རྣོ་བོ་ཞིག་ཡོད་པ་ཡིན་ནའང་རིག་པ་དེ་དྲག་པོའི་གོ་མཚོན་ཕྱོགས་ལ་བེད་སྤྱོད་བཏང་ཡོད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་རིམ་བཞིན་ཡལ་འགྲོ་བཞིན་པར་མཐོང་གི་འདུག དེ་གང་ཡིན་ཟེར་ན། འདས་པའི་དམག་ཆེན་གཉིས་པའི་ནང་རྡུལ་ཕྲན་མཚོན་བེད་སྤྱོད་བཏང་བ་དང་། དམག་ཆེན་གཉིས་པའི་རྗེས་ལ་མི་མང་པོ་ཞིག་གིས་དམག་ཆེན་གསུམ་པ་ཟེར་ནས་གླེང་ཡོད་ཀྱང་། དེང་སང་མི་མང་པོ་ཞིག་ལ་དམག་ཆེན་གསུམ་པ་ཡོང་གི་རེད་བསམ་པ་མེད་པར་བསམ་བློ་དེ་ཡལ་བཞིན་ཡོད། ངོས་ཀྱིས་ཡུ་རོབ་མཐུན་ཚོགས་མིག་དཔེ་ལ་འཛིན་དགོས་པ་རེད་ཅེས་ཞུ་བཞིན་ཡོད། དུས་རབས་ཉི་ཤུའི་སྟོད་དུ་ཧྥ་རན་སི་དང་འཇར་མན་གཉིས་ཀྱིས་ཕན་ཚུན་ལ་དགྲ་འཛིན་གྱིས་གསོད་རེས་བྱས་ཡོད། དེ་ནས་ལུང་པ་དེ་གཉིས་ནས་ཐོན་པའི་འཇར་མན་གྱི་མགོ་ཁྲིད་ཨ་ཌིས་ནཱོར་(Konrad Adenauer)དང་ཧྥ་རན་སིའི་མགོ་ཁྲིད་སྒྲེ་གྷོ་ཕཱུ་རི་(Charles de Gaulle)གཉིས་གཙོས་ཡུ་རོབ་མཐུན་ཚོགས་གསར་གཏོད་མཛད་པ་ནས་བཟུང་ཕན་ཚུན་གསོད་རེས་བྱེད་པ་རྩ་བ་ནས་བྱུང་མེད། 

དེ་ནས་རིམ་བཞིན་རྡུལ་ཕྲན་མཚོན་ཆ་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་ལ་ངོས་འཛིན་མཛད་ནས་རྡུལ་ཕྲན་གོ་མཚོན་མེད་པར་བཟོ་བའི་ཐབས་ཤེས་མགོ་བརྩམས་ཡོད། དུས་རབས་སྔ་མའི་ནང་འཕྲུལ་ཆས་ཡར་རྒྱས་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཡོད། འཕྲུལ་ཆས་ཡར་རྒྱས་ཐོག་ལ་དོ་སྣང་བྱེད་སྐབས་རྡུལ་ཕྲན་མཚོན་ཆའི་ཐོག་ལའང་དོ་སྣང་བྱས་པ་རེད། དུས་རབས་དེའི་མཇུག་ལ་དེ་ལྟ་བུའི་འཕྲུལ་ཆས་དང་གོ་མཚོན་བཟོ་བའི་དོ་སྣང་ཆུང་རུ་ཕྱིན་པ་རེད། ངོས་རང་གི་བསམ་ཚུལ་ལྟར་ན། དུས་རབས་ཉི་ཤུ་བའི་སྟོད་དུ་འཕྲུལ་ཆས་དང་གོ་མཚོན་བཟོ་བར་དོ་སྣང་བྱས་ཡོད་པ་དང་། དེ་ནས་རིམ་བཞིན་དུས་རབས་ཉི་ཤུ་བའི་སྨད་དུ་མི་ཡི་རང་བཞིན་དང་མཐུན་པའི་བསམ་བློ་གཏོང་བར་མགོ་བརྩམས་ཡོད། དེང་སང་ཚན་རིག་པ་མང་པོས་གསུངས་བཞིན་པ་ལྟར་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཡོད། དེར་བརྟེན། ལྷན་སྐྱེས་སུ་ང་ཚོ་སོ་སོའི་ཚོགས་པ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཁུར་གྱི་བློ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད། རང་གནས་སའི་སྤྱི་ཚོགས་ལ་མ་བརྟེན་པར་འཚོ་ཐུབ་ཀྱི་མེད། དཔེར་ན། ང་རང་ཚོ་སྐྱེས་ཙམ་ནས་མི་ཚེ་ཆ་ཚང་ཨ་མའི་བྱམས་བརྩེའི་འོག་འཚོ་དགོས་དུས་ཨ་མར་བརྟེན་ཡོད་པ་དང་། ཨ་མ་ཡང་སོ་སོའི་གྲོང་པ་དང་ནང་མར་མ་བརྟེན་ཚེ་མི་གཅིག་ཆགས་པ་དང་། མི་གཅིག་གིས་ཕྲུ་གུ་སྐྱོང་ཐབས་མེད། དེ་ནི་མིའི་རང་བཞིན་ཆགས་ཡོད། 

ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པའི་ཆ་ནས་རང་བཞིན་ལྷན་སྐྱེས་ཀྱིས་ཚོགས་པ་ལ་བལྟོས་པ་དང་། ཚོགས་པའི་ནང་གི་མི་ཕན་ཚུན་ལ་སེམས་ཁུར་དང་བྱམས་བརྩེ་ཡོད་པ་ནི་མི་ཡི་རང་ཆས་ཤིག་རེད། སློབ་སྦྱོང་སྤྲོད་མཁན་དང་ངོ་སྤྲོད་བྱེད་མཁན་སུ་ཡང་མེད་ཀྱང་སྐྱེས་ཙམ་ཉིད་ནས་བརྒྱ་ཆ་བརྒྱ་ཐམ་པ་ཨ་མར་ཡིད་ཆེས་བྱེད་པ་དང་། ཨ་མའི་ངོས་ནས་ཀྱང་བྱམས་བརྩེས་སྐྱོང་བཞིན་ཡོད། གཟུགས་པོའི་ཆ་ནས་ཀྱང་མ་ཡི་ནུ་ཞོས་འཚོ་དགོས་པ་ནི་ལྷན་སྐྱེས་ཀྱི་རང་བཞིན་ཆགས་ཡོད། སྡོམ་རྒྱབ་ནས་ཞུས་ན། ང་ཚོ་གསོན་པ་ལ་གཞན་ཕན་གྱི་བྱམས་བརྩེའི་བློ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། གོ་ལ་འདིར་ཆ་བཞག་ན་འབུ་སྲིད་ཆུང་ཆུང་གི་རིགས་བཤད་ཐུབ་ཀྱི་མེད། དེ་མིན་པའི་བྱ་བྱེའུའི་རིགས་ལྟ་བུས་སོ་སོའི་ཕྲུ་གུ་ལ་བྱམས་སྐྱོང་དང་སོ་སོའི་ཚོགས་པ་ལ་སེམས་ཁུར་དང་བྱམས་སྐྱོང་བྱེད་ཀྱི་ཡོད་པ་རེད་འདུག འདི་ནི་ཆོས་ལུགས་དང་འབྲེལ་ནས་ཡོང་གི་མེད་པར་ཕུང་པོ་གྲུབ་ཙམ་ནས་ལྷན་སྐྱེས་ཀྱི་རང་བཞིན་ཆགས་ཡོད། ཅེས་སོགས་དང་། ཆོས་ལུགས་མི་འདྲ་བ་རྣམས་ཀྱང་འགྲོ་བ་མིའི་ཆོས་ལུགས་ཡིན་པའི་ཆ་ནས་འགྲོ་བ་མིའི་ཁྱད་ཆོས་བཟང་ཤོས་ཀྱི་བསླབ་བྱ་ཆོས་ལུགས་ཚང་མའི་ནང་དུ་སླེབས་ཡོད་པའི་སྐོར་སོགས་བཀའ་སློབ་སྩལ། 

དེ་ནས་མུ་མཐུད་དྲི་བ་ཁག་ལ་བཀའ་སློབ་སྩལ་རྗེས་ཆུ་ཚོད་ ༡༠།༠༠ ཙམ་ལ་གོ་སྒྲིག་གནང་མཁན་གྱིས་ཐུགས་རྗེ་ཆེ་ཞུས་ཏེ་བགྲོ་གླེང་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། ཨ་རིའི་ཞི་བདེ་སྟི་གནས་སློབ་གཉེར་ཁང་༼USIP༽ ནས་འདས་པའི་ལོ་མང་རིང་འཛམ་གླིང་ནང་ཟིང་འཁྲུགས་ཡོད་སའི་ཡུལ་ལུང་ཁག་ཨབ་གྷ་ནི་སི་ཐན། (Afghanistan)  དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ། (Central African Republic) ཁོ་ལིམ་བྷེ་ཡ། (Colombia)  དབྱི་རག (Iraq)  ལེ་བྷེ་ཡ། (Libya)  ནའེ་མཱར། (Myanmar) ནེ་གྷེ་རེ་འ། Nigeria  སོ་མ་ལེ་འ། (Somalia)  ལྷོ་སུའུ་ཏན། Sout Sudan སོ་རུ་ཡ། Syria ཊོ་ནེ་ཞེ་ཡ།(Tunisia) ཝེ་ནི་ཛུ་ལ། (Venezuela)  སོགས་ཀྱི་གཞོན་སྐྱེས་མགོ་ཁྲིད་མཁན་རྡ་སར་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་སྒེར་གྱི་དཀའ་ངལ་ལ་གདོང་ལེན་དང་སེམས་ཀྱི་ཞི་བདེའི་སྐོར་དང་། སྤྱི་ཚོགས་ཀྱི་མཐུན་ལམ་དང་ལྟ་བ་མི་འདྲ་བའི་དབར་འབྲེལ་མཐུད་བྱེད་ཕྱོགས་སོགས་ལ་དྲི་བ་དང་བཀའ་ལན་གནང་སྟེ་འཛམ་གླིང་ཞི་བདེའི་ཆེད་ལམ་སྟོན་རྒྱ་ཆེར་སྩལ་ཡོད་པ་བཅས།།