དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་དགོས་གལ་སྐོར་ལ་བཀའ་སློབ་སྩལ་བ།

མདུན་ངོས། / དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་དགོས་གལ་སྐོར་ལ་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྤེལ་མའི་སེམས་ (Mind Mingle) ཞེས་པའི་ལས་འཆར་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་བཀའ་སློབ་སྩལ་ཡོད།
   
དེ་ཡང་ཐོག་མར་སྤེལ་མའི་སེམས་ཞེས་པའི་ལས་འཆར་ཚོགས་པ་གསར་འཛུགས་གནང་མཁན་གྲས་དང་འགན་འཛིན་ནཱ་ཝན་ཤར་མ་(Naveen Sharma) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་པ་དང་སྦྲགས་མགོན་པོ་གང་ཉིད་མཆོག་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྱུར་པ་ལྟ་བུའི་ཚོར་སྣང་བྱུང་ཞེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་རྗེས། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དགོས་མཁོ་ཆེ་ཚུལ་སྐོར་བཀའ་སློབ་ལམ་སྟོན་སྩལ་རྒྱུའི་གསོལ་འདེབས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་མཆོག་གི་ཁུར་འཁྱེར་གྱི་འགན་ཁུར་བཞི་དང་འབྲེལ་ནས་བཀའ་སློབ་སྩལ་དོན། 

ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་གི་འགན་ཁུར་གཙོ་བོ་ནི་འཛམ་གླིང་འདི་བཞིན་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་དེ་ཡིན། མི་སྒེར་སོ་སོ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་དེང་དུས་ཤེས་ཡོན་གཅིག་པུས་བཟོ་ཐུབ་རྒྱུ་ཁག་ཐེག་བྱེད་ཁག་པོ་རེད། ང་ཚོས་ད་ལྟ་མཐོང་བཞིན་པ་རེད། རིག་པ་རྣོན་པོ་དང་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་ནའང་སེམས་པ་མ་སྐྱིད་མཁན་མི་མང་པོ་ཡོད། ངོས་ཀྱིས་ནམ་རྒྱུན་དེང་དུས་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་པ་རྗོད་ཀྱི་ཡོད།

མི་བདེ་སྐྱིད་ལྡན་པ་ཞིག་བྱེད་པར་ལོ་ངོ་སྟོང་ཕྲག་གསུམ་གོང་གི་རྒྱ་གར་གནའ་བོའི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་བ་དེ་དགོས་ཀྱི་འདུག བྱམས་བརྩེ་ཡོད་ན་སོ་སོའི་རྒྱུད་ལ་ཞི་བདེ་དང་སྟོབས་ཤུགས་ཡོང་གི་རེད། དེ་ལ་བརྟེན་ནས་སེམས་ལ་དངངས་སྐྲག་དང་སེམས་ཁྲལ་ཉུང་བ་ཡོང་གི་རེད། འཚེ་བ་མེད་པ་ཟེར་བ་ནི་ལུས་ངག་གི་སྒོ་ནས་གཞན་ལ་འཚེ་བའི་སྤྱོད་པ་སྤོང་བར་གོ་དགོས། འཚེ་བ་མེད་པ་ཟེར་བ་མཐར་ཐུག་ན་བྱམས་བརྩེ་རེད།

ལོ་ངོ་སུམ་སྟོང་ཙམ་གྱི་གོང་ནས་རྒྱ་གར་ནང་ཞི་གནས་དང་ལྷག་མཐོང་ཞེས་བློ་ཇི་ལྟར་སྦྱོང་དགོས་པའི་ལྟ་གྲུབ་དར་ཡོད། ངོས་ཀྱིས་དུས་རྟག་ཏུ་དེང་དུས་ཤེས་ཡོན་ལམ་ལུགས་ནི་ནུབ་ཕྱོགས་ནས་དར་བ་རེད་ཅེས་རྗོད་ཀྱི་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཉོན་མོངས་པའི་བློ་ཇི་ལྟར་འདུལ་ཐབས་སྐོར་ཤེས་བྱ་མེད། ཤེས་ཡོན་ཚད་མཐོན་པོ་ཡོད་མཁན་ཚོས་སོ་སོའི་ཀླད་པ་དང་ཤེས་ཡོན་ལ་བརྟེན་ནས་རྡུལ་ཕྲན་མཚོན་ཆས་མཚོན་པའི་གོ་མཚོན་རིགས་བཟོ་བཞིན་ཡོད། དེ་ནི་བཟང་སྤྱོད་ཀྱི་མ་ལྡེང་པའི་སྐྱོན་རེད། འཚེ་བ་མེད་པ་དང་བྱམས་བརྩེའི་མ་ལྡེང་པའི་སྐྱོན་རེད།

ང་ཚོར་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་ཀླད་པ་དང་རྣམ་དཔྱོད་ཡོད། འོན་ཀྱང་རྣམ་དཔྱོད་དེས་སེམས་ལ་ཞི་བདེ་བསྐྲུན་རྒྱུའི་ཚབ་ལ་སེམས་ཁྲལ་དང་དངངས་སྐྲག་བཟོ་བཞིན་ཡོད། རྒྱུ་མཚན་ནི་ཁོང་ཁྲོ་དང་། ཆགས་སྡང་། དངངས་སྐྲག་བཅས་ཀྱིས་དབང་སྒྱུར་བྱེད་ཀྱི་ཡོད། ལུས་པོའི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་སྐོར་རྗོད་ཀྱི་ཡོད་པ་ལྟར་སེམས་ཀྱི་འཕྲོད་བསྟེན་དགོས་གལ་ཆེ་བའི་སྐོར་ངོས་ཀྱིས་ནམ་རྒྱུན་རྗོད་ཀྱི་ཡོད། འགྲོ་བ་མིའི་སེམས་ཀྱི་ཞི་བདེ་གོང་མཐོར་གཏོང་བར་རྒྱ་གར་བ་རྣམས་ཀྱིས་སྔར་ལས་ལྷག་པའི་ཐུགས་ཁུར་ཆེ་བ་བཞེས་གནང་དགོས། རྒྱ་གར་གྱིས་གནའ་དེང་ཤེས་ཡོན་ཟུང་འབྲེལ་ལམ་ལུགས་ཤིག་སྤེལ་ཐབས་གནང་དགོས།

རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གནང་བ་དང་། རིམ་པས་འཛམ་གླིང་ནང་གན་ངྷིའི་རྗེས་འབྲང་མང་དུ་ཕྱིན་ཡོད།  མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་གདོང་ལེན་གནང་མཁན་དང་ལྷོ་ཨ་ཕི་རི་ཀའི་དབུ་འཁྲིད་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་དང་། ཨ་རིའི་མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་ (Martin Luther King Jr) མཆོག་སོགས་ནས་གན་ངྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གནང་ཡོད།  མར་ཊིན་ལུ་ཐར་ཀིངྒ་མཆོག་གི་སྐུ་ཟླས་ཐེངས་ཤིག་ངོས་རང་ལ་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་མཆོག་གན་ངྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཧ་ཅང་ཡིད་སྨོན་བྱེད་མཁན་ཞིག་ཡིན་པ་མ་ཟད། ཐ་ན་ཁོང་གིས་གན་ངྷི་ནང་བཞིན་གྱོན་ཆས་གོན་གནང་གི་རེད། ཅེས་བཤད་མྱོང་ཡོད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་རེད། རྒྱ་གར་བ་ཚོས་དེང་རབས་ཤེས་ཡོན་ལམ་ལུགས་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་བརྩེ་ཟུང་དུ་འབྲེལ་བའི་ཤེས་ཡོན་ལམ་ལུགས་གོང་མཐོར་གཏོང་དགོས། ཞེས་དང་།

གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་དགོས་ན་བོད་ཡིག་ཡག་ཤོས་རེད། དེར་བརྟེན། བོད་ཡིག་ཉར་ཚགས་བྱེད་འོས་པ་ཞིག་རེད། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ངོས་ཀྱིས་ཇཝཱ་ཧར་ལལ་ནེ་རུ་(Jawaharlal Nehru) མཆོག་ལ་བོད་མིའི་ཆེད་དུ་སློབ་གྲྭ་ཟུར་དུ་འཛུགས་དགོས་པའི་སྐོར་ཞུས་པ་ཡིན། སྐབས་དེར་ཇཝཱ་ཧར་ལལ་ནེ་རུ་མཆོག་གིས་རྒྱབ་སྐྱོར་ཆ་ཚང་གནང་བྱུང་། ང་ཚོས་བོད་མིའི་སློབ་གྲྭ་ཟུར་དུ་བཙུགས་པ་ཡིན།

ཇཝཱ་ཧར་ལལ་ནེ་རུ་མཆོག་གིས་ཨིན་ཡིག་རྒྱལ་སྤྱིའི་སྐད་ཡིག་ཡིན་སྟབས་སློབ་ཁྲིད་ཀྱི་སྐད་ཡིག་དེ་ཨིན་ཡིག་འཇོག་དགོས་པའི་སྐོར་ལམ་སྟོན་གནང་བ་ལྟར་སློབ་ཁྲིད་ཀྱི་སྐད་ཡིག་དེ་ཨིན་ཡིག་བཞག་པ་རེད།  ཇཝཱ་ཧར་ལལ་ནེ་རུ་མཆོག་གིས་ང་ཚོར་ཧ་ཅང་ཡག་པོ་གནང་བྱུང་། ངོས་རང་གི་གཏན་འཇགས་སྡོད་གནས་རྡ་རམ་ས་ལ་རེད། དང་ཐོག་ང་ཚོས་རྡ་རམ་ས་ལའི་ས་གནས་འདི་ཧ་ཅང་ཁུག་ཀྱོག་ཅིག་ཡིན་པ་ཚོར་བྱུང་། ང་ཚོ་མ་སུ་རིར་བསྡད་འདོད་བྱུང་། ཕྱི་ལོ་ ༡༩༥༩ ལོར་ལོ་གཅིག་རིང་ངོས་རང་མ་སུ་རིར་བསྡད་པ་ཡིན། ང་ཚོ་རྡ་རམ་ས་ལར་ཡོང་རྒྱུ་ཐེ་ཚོམ་བྱས་པ་ཡིན། ངོས་ཀྱིས་བོད་མིའི་སྐུ་ཚབ་མཐོ་གྲས་ཤིག་མ་སུ་རི་ནས་རྡ་རམ་ས་ལར་བཏང་བ་ཡིན། ཁོང་གིས་ང་ཚོར་རྡ་རམ་ས་ལའི་ས་གནས་ཧ་ཅང་གུ་ཡངས་པོ་དང་ཁ་ཁུ་སིམ་པོ་ཡིན་པ་མ་ཟད། མ་སུ་རིའི་འོ་མ་ལས་རྡ་རམ་ས་ལའི་ཆུ་ཞིམ་པ་འདུག་ཅེས་གསུངས་བྱུང་།  དེར་བརྟེན་ཇཝཱ་ཧར་ལལ་ནེ་རུས་རྡ་རམ་སར་ངོས་ཀྱི་གཏན་འཇགས་སྡོད་གནས་སུ་བདམ་པ་རེད། འདས་པའི་ལོ་ངོ་ ༦༠ རིང་རྡ་རམ་ས་ལ་ངོས་ཀྱི་གནས་ཡུལ་ཆགས་ཡོད། ངོས་རང་རྒྱ་གར་གྱི་སྐུ་མགྲོན་ཡུན་རིང་ཤོས་དེ་ཆགས་ཡོད། ད་ཆ་ངོས་རང་ལོ་ན་བརྒྱད་ཅུ་གྱ་དྲུག་ལ་སོན་ཡོད། ཁྱེད་རང་ཚོས་ངོས་ཀྱི་གདོང་ལ་བལྟས་པ་ཡིན་ན་ངོས་རང་བདེ་ཐང་ཡིན་པ་མཐོང་གི་འདུག་གམ། ངོས་རང་ད་དུང་མུ་མཐུད་ལོ་ ༡༥ ནས་ ༢༠ རིང་འཚོ་ཐུབ་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྤེལ་མའི་སེམས་ (Mind Mingle) ཞེས་ཚོགས་པའི་ལས་འཆར་ནི། ཕྲུ་གུའི་ལུས་དང་སེམས་ཁམས་གསོ་སྐྱོང་བྱ་ཐབས་ལ་དམིགས་ཏེ་ཉམས་མྱོང་དངོས་དང་འབྲེལ་བའི་ཤེས་ཡོན་སྤེལ་བའི་ཐབས་ལམ་འཚོལ་བ་དང་། དགོས་དོན་ལྡན་པའི་ཤེས་ཡོན་སྤྲོད་པ། ཕྲུ་གུ་སོ་སོའི་མོས་པ་དང་ནུས་པ་མི་འདྲ་བ་རྣམས་ཤེས་པའི་ཐོག་ནས་ཤེས་ཡོན་སྤྲོད་ཐབས་བཅས་ཀྱི་བསམ་བློའི་འཆར་སྒོ་ལྡན་པའི་ཚོགས་པའི་ལས་འཆར་ཞིག་ཡིན་པ་རེད།