ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་པར་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

མདུན་ངོས། / ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་པར་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤི་ཡའི་ཆོས་ཞུ་བ་རྣམས་ལ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་ལེགས་པར་སྩལ་གྲུབ་མཚམས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་དེ་ཐེངས་འདིའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་པར་ཉིན་གསུམ་རིང་གི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཨིན་རྡི་ནི་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་དྲ་ལམ་བརྒྱུད་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་ཆོས་འབྲེལ་ཉིན་གསུམ་པ་རེད། ལམ་གཙོའི་རྗེས་སུ་སེམས་བསྐྱེད་འདོན་དགོས་དྲན་སོང་། རྟེན་ཡོན་ནའང་རེད། མེད་ནའང་རེད། པཎ་གྲུབ་བཅུ་བདུན་དང་གཙོ་བོ་སྟོན་པ་བཅོམ་ལྡན་འདས་གསལ་བཏབ་ནས་སེམས་བསྐྱེད་བཏོན་ན་བསམ་སོང་། དང་པོ་དེ་རིང་ཨིན་རྡི་ནི་ཤི་ཡའི་ཆོས་གྲོགས་ཚོ་གཙོ་བོར་དམིགས་ཡོད་པ་རེད། ཨིན་རྡི་ནི་ཤི་ཡ་རུ་ཁ་ཆེའི་ཆོས་ལུགས་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཤུགས་ཆེན་པོ་དར་ཡོད་པ་ཞིག་ཆགས་ཡོད། གང་ལྟར་ངོས་ཀྱིས་ནམ་རྒྱུན་རྗོད་བཞིན་པ་ལྟར། ལྟ་གྲུབ་ཀྱི་ཐོག་ནས་ཆོས་ལུགས་མི་འདྲ་ཡོང་གི་ཡོད་པ་རེད། དཔེར་ན། ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་གྱི་ནང་དུའང་གྲུབ་མཐའ་སྨྲ་བ་བཞི་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོང་བཞིན་ཡོད།  འཛམ་གླིང་འདིར་ཆོས་ལུགས་རིགས་ཁ་ཤས་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་། རིགས་འགའ་ཤས་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཁྱད་པར་མང་པོ་ཡོང་གི་ཡོད། དེ་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་ཡིན། ཡི་ཤི་ཆོས་པ་ཡིན་ནའང་འདྲ། ཁ་ཆེའི་ཆོས་པ་ཡིན་ནའང་འདྲ། དེ་དང་དེ་འདྲ་བའི་ཆོས་པ་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་གཅིག་གྱུར་རེད། རང་རང་གིས་ཉམས་ལེན་བྱེད་པའི་བྱམས་བརྩེ་དང་ཆོག་ཤེས། བཟོད་པའི་ཉམས་ལེན་བཅས་ཆོས་ལུགས་ཚང་མ་གཅིག་པ་རེད། 

སྔོན་མ་ངོས་རང་ཨི་ཊ་ལི་རུ་ཡི་ཤིའི་དགོན་པ་ཞིག་ལ་སླེབས་སོང་། དེའི་དགེ་འདུན་པ་ཚོ་ཧ་ཅང་འདོད་ཆུང་ཤེས་རེད། ང་ཚོའི་དགེ་འདུན་པ་ཚོ་དང་དོན་ཚ་བོ་ཡོད་པ་རེད་ཅེས་ངོས་ཀྱིས་དྲན་མྱོང་། གང་ལྟར་ཆོས་ལུགས་ཚང་མ་སོ་སོ་སྒེར་གྱི་ཐོག་ནས་འདོད་ཆུང་ཆོག་ཤེས་དང་། བཟོད་པའི་ཉམས་ལེན་བྱེད་པ། བྱམས་བརྩེ་ཉམས་ལེན་བྱེད་པ། གང་ཐུབ་ཐུབ་ཀྱིས་གཞན་ཕན་སྒྲུབ་རྒྱུ་ནི་ཆོས་ལུགས་ཚང་མས་གསུངས་བཞིན་འདུག དེར་བརྟེན། དེང་གི་དུས་ཚོད་འདིར་ཆོས་ལུགས་འདྲ་མིན་ཚང་མ་མི་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། སོ་སོ་གཅིག་པུར་བསམ་བློ་བཏང་ནས་སྡོད་པའི་དུས་ཚོད་འདིར་ཆོས་ལུགས་ཁག་གི་བསླབ་བྱ་ཧ་ཅང་གལ་ཆེན་པོ་རེད། 

སྐབས་སུ་བབ་པ་ཨིན་རྡི་ནི་ཤི་ཡའི་ཆོས་གྲོགས་ཚོར་ཆ་བཞག་ན་ཆོས་བརྒྱུད་མི་འདྲ་བ་ཡོད་པ་ཡིན་ནའང་། བཟོད་པའི་ཉམས་ལེན་དང་ཆོག་ཤེས། གཙོ་བོ་བྱམས་བརྩེ་ཉམས་ལེན་བྱེད་པ་གཅིག་གྱུར་ཆགས་ཡོད་པས་ཁྱོད་རང་ཚོ་ཆོས་གྲོགས་ཚང་མར་ངོས་ཀྱིས་གུས་ཞབས་དང་གུས་འདུད་བྱེད་ཀྱི་ཡོད། འཛམ་གླིང་འདིར་ལོ་སྟོང་ཕྲག་གཅིག་གཉིས་རིང་ནས་ཡོད་པའི་ཆོས་ལུགས་མི་འདྲ་བ་ཚང་མ་གཅིག་བཟོ་དགོས་པ་རེད་ཟེར་ན་འགྲུབ་ཐབས་ཡོད་པ་མ་རེད་ལ་དགོས་པའང་ཡོད་པ་མ་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་རང་ཉིད་ཀྱི་གསུང་གི་ནང་དུ་ལྟ་བ་འདྲ་མི་འདྲ་དང་བསམ་པ་རྒྱ་ཆེ་ཆུང་མི་འདྲ་བའི་ཁྱད་པར་ཡོད་པ་གསུངས་ཡོད། གདུལ་བྱའི་ཁམས་དང་བསམ་པ་བག་ལ་ཉལ་མི་འདྲ་བ་ཡོད་པས་དེ་དང་བསྟུན་ནས་དོན་དག་སྙིང་པོ་ཡ་རབས་དང་སེམས་པ་བཟང་པོ་དགོས་པ་གཅིག་མཚུངས་ཡོད། དེ་ལ་སེམས་ཤུགས་བསྐྱེད་པར་སངས་རྒྱས་པའི་གཞུང་གི་ནང་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་གསུངས་ཡོང་གི་ཡོད། འཇིག་རྟེན་བཀོད་པ་འདོད་མཁན་ཚོས་ཀྱང་འཇིག་རྟེན་བཀོད་པ་པོས་གསུངས་པ་དག་ཉམས་ལེན་བྱས་ནས་མཐར་འཇིག་རྟེན་བཀོད་པ་པོའི་དྲུང་ལ་སླེབས་ཀྱི་རེད་ཅེས་སོ་སོའི་གསུངས་སྟངས་མི་འདྲ་ཡོང་གི་ཡོད། བསླབ་བྱ་སྙིང་པོ་ནི་མི་ཡ་རབས་ཤིག་དང་མི་བཟང་པོ་ཞིག་དགོས་པ་ཚང་མས་གསུངས་ཀྱི་འདུག 

དེ་ནས་ཁམས་དང་མོས་པ་ལྟར་ལོ་སྟོང་ཕྲག་ལྷག་གི་འབྲེལ་བ་ཡོད་པའི་སོ་སོའི་ཆོས་བརྒྱུད་དེ་སོ་སོའི་རིག་གཞུང་དང་མང་པོ་ཞིག་ལ་འབྲེལ་བ་ཡོང་གི་ཡོད་པས་ཆོས་བརྒྱུད་དེ་རང་ཉམས་སུ་བླངས། སྙིང་པོ་ནི་ཆོས་བརྒྱུད་ཚང་མས་གསུངས་པའི་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཉམས་ལེན་བྱེད་དགོས། སྔ་མོ་ཡིན་ན་ལུང་པ་མི་འདྲ་བར་ཆོས་བརྒྱུད་མི་འདྲ་བ་རྣམས་ཕན་ཚུན་ལ་འབྲེལ་བ་མེད་པར་སོ་སོར་སྡོད་བཞིན་ཡོད་པ་རེད། དེང་གི་དུས་སུ་ཕར་ཚུར་དཔལ་འབྱོར་དང་ཡུལ་སྐོར། དེ་བཞིན་དྲ་རྒྱ་བཅས་ཀྱི་ཐོག་ནས་འཛམ་གླིང་ཡོངས་རྫོགས་ཀྱི་འབྲེལ་བ་སྔ་མོ་དང་མི་འདྲ་བ་ཆགས་ཡོད། དེར་བརྟེན། ཆོས་ལུགས་ཚང་མ་མཐུན་འབྲེལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་ཆོས་བརྒྱུད་ཚང་མའི་ནང་དུ་ཆོས་པ་རྣམ་དག་མང་པོ་ཡོད་པ་དང་། ཕན་ཚུན་ལ་འབྲེལ་བའང་ཡོད་པས་མཐུན་འབྲེལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེང་གི་དུས་སུ་ཆོས་ཁ་ལ་འཁྱེར་ནས་གསོད་རེས་བྱེད་པ་ནི་ཐབས་སྐྱོ་བོ་ཡིན་པའི་སྐོར་དང་། ཨིན་རྡི་ནི་ཤི་ཡའི་ཆོས་གྲོགས་ཚོར་དམིགས་བསལ་གྱིས་ལས་འགན་ཞིག་ཡོད་པ་ནི་ཁ་ཆེའི་ཆོས་པ་དང་ནང་པའི་ཆོས་པ་ཚོར་འབྲེལ་བ་ཡོང་བའི་རང་བཞིན་གྱི་ཆ་རྐྱེན་ཞིག་ཡོད་པ་རེད་ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས་ནང་ཆོས་ངོ་སྤྲོད་དང་། ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་འཕྲོ་སྐྱོང་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག དེ་རྗེས་ཆོས་ཞུ་བའི་དྲི་བར་བཀའ་ལན་གྲུབ་མཚམས་གསུང་ཆོས་གོ་སྒྲིག་མི་སྣས་ཉིན་གསུམ་རིང་ཆོས་འབྲེལ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། མ་འོངས་པར་ཞལ་མཇལ་གྱིས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་ཡོད་སྐོར་༸སྙན་སེང་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐའེ་ཝན་ནས་ཆོས་གྲོགས་མང་པོ་ཞིག་གིས་འགྲོན་འབོད་གནང་བཞིན་ཡོད་པས་ཐའེ་ཝན་དུ་ཆིབས་བསྒྱུར་གནང་ཐུབ་པ་བྱུང་ན་ཐོག་མར་སིངྒ་པོར་ལའང་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པའི་བཀའ་བཞེས་གནང་ཡོད་པ་བཅས་ཉིན་གསུམ་རིང་གི་ཨེ་ཤི་ཡའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།