སྟེང་པོ་ཆེ་སྤྲུལ་སྐུ་ཞི་བར་གཤེགས་པར་བལ་ཡུལ་ཤར་པ་མི་མང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

མདུན་ངོས། / སྟེང་པོ་ཆེ་སྤྲུལ་སྐུ་ཞི་བར་གཤེགས་པར་བལ་ཡུལ་ཤར་པ་མི་མང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་བའི་ཆར་ཇོ་མོ་གླང་མའི་རི་འདབས་ཤར་ཁུམས་བུར་སྟེང་པོ་ཆེ་སྤྲུལ་སྐུ་ངག་དབང་བསྟན་འཛིན་བཟང་པོ་དགུང་ལོ་གྱ་དྲུག་ཐོག་ཞི་བར་གཤེགས་པར་སྟེང་པོ་ཆེ་དགོན་གྱི་འདུས་མང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད།

གསུང་འཕྲིན་དེའི་ནང། མཆེད་གྲོགས་ཕོ་མོ་རྣམ་པ། ཞེས་དང་། ངོས་དེ་སྔ་འབྲས་ལྗོངས་ལ་སྐྱོད་སྐབས་ཤིག་ལ་རིན་པོ་ཆེ་དང་མཇལ་བ་དྲན་ལམ་ན་གསལ། ཞེས་དང་། ཁོང་གི་ཉམ་ཆུང་ཚུལ་མཐུན་དང་ལྷག་བསམ་རྣམ་དག་གིས་གཞན་ཕན་སྒྲུབ་ཚུལ་དག་ནི་མི་ཚེ་དོན་དང་ལྡན་པར་སྐྱེལ་ཚུལ་གྱི་མིག་དཔེ་བལྟ་ས་ལྟ་བུ་ཡིན།

དགུང་ལོ་ཆུང་དུས་ནས་བོད་ལ་ཕེབས་ཏེ་གསན་བསམ་སློབ་གཉེར་གནང་ཞིང་། རང་ལུགས་སྔ་འགྱུར་རྙིང་མ་ཡིན་ཡང་། རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་གདམས་པ་གསན་ཡོད། ཕྱི་ལོ་ ༡༩༥༧ ལོར་ཤར་ཁུམས་བུའི་སྟེང་པོ་ཆེ་དགོན་པར་ཕྱིར་ཕེབས་ཏེ་མཁན་པོའི་འགན་བཞེས་ཤིང་། ཐོས་བསམ་སྒོམ་གསུམ་ཙམ་མ་ཡིན་པར། དགེ་འདུན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་བདེ་རྩར་ཕྱར་གྲུ་མཉམ་འདེགས་དགོས་ཚུལ་ལམ་སྟོན་ཡང་གནང་ཡོད།

གཞན་ཡང་། རིན་པོ་ཆེས་ཤར་ཁུམས་བུའི་ཁུལ་དུ་ལྗོན་ཤིང་འདེབས་འཛུགས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་བར་མ་ཆད་པར་གནང་བ་སོགས་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ལ། ལོ་ངོ་བཅོ་ལྔ་ཙམ་གྱི་སྔ་རོལ་ཏུ་རང་བྱུང་ཁམས་ལ་གནོད་འཚེ་གཏོང་རྒྱུ་ཆེ་དྲགས་ན་ཁུལ་དེའི་ཆུ་བསྐམ་ཉེན་ཡོད་ཚུལ་གྱི་སྔོན་བརྡ་བཏང་ཡོད།

ཇོ་མོ་གླང་མའི་གངས་རིར་འཛེག་ཏུ་འགྲོ་མཁན་ཕྱི་རྒྱལ་བ་གངས་འཛེག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུ་བར་བཅར་སྐབས་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་གནང་བ་ཕན་ཐོགས་ཆེན་པོ་བྱུང་སྐོར་དེར་བསྐྱོད་མྱོང་བ་འགའ་ཞིག་གིས་གསུངས་བྱུང་། སྔར་སྟེང་པོ་ཆེ་དགོན་ལ་མེ་སྐྱོན་བྱུང་སྐབས་ཕྱི་རྒྱལ་བ་དེ་དག་གིས་ཀྱང་དགོན་པ་བསྐྱར་གསོ་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་ཡོད་པ་ནི་རྗེས་སུ་ཡི་རངས་ཀྱི་གནས་ཡིན།

གསུང་འཕྲིན་གྱི་མཇུག་ཏུ། རིན་པོ་ཆེ་ཞི་བར་གཤེགས་ཟིན་ཀྱང་། ཁོང་གི་ཉམ་ཆུང་གི་སྤྱོད་ཚུལ་དང་། བྱམས་བརྩེའི་བསམ་པ་བཟང་པོ་རྣམས་རྗེས་འཇུག་རྣམས་ཀྱིས་རང་རྒྱུད་ལ་བསྐྱེད་ཐབས་ཀྱི་འབད་བརྩོན་བྱེད་དགོས། ཞེས་ལམ་སྟོན་མཛད་ཡོད།