ལ་དྭགས་མི་མང་སློབ་གྲྭའི་ལོ་ངོ་ཉེར་ལྔའི་མཛད་སྒོར་དབུ་བཞུགས།

མདུན་ངོས། / ལ་དྭགས་མི་མང་སློབ་གྲྭའི་ལོ་ངོ་ཉེར་ལྔའི་མཛད་སྒོར་དབུ་བཞུགས།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༨ ཉིན་གྱི་སྔོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་རྟེན་གཞི་བྱས་པའི་ལ་དྭགས་མི་མང་སློབ་གྲྭའི་ལོ་ངོ་ཉེར་ལྔ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཐོག་ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས། སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་དང་བཅས་མཛད་སྒོར་༸ཞབས་སོར་འཁོད་པ་དང་། དེར་ཐོག་མར་སློབ་གྲྭ་དེ་གའི་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་མཛད་པ་དང་།  མི་མང་སློབ་གྲྭའི་སློབ་སྤྱིས་ཕེབས་བསུའི་གསུང་བཤད་དང་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་སློབ་ཕྲུག་ཁག་གཅིག་གིས་རྟགས་གསལ་སྤྱན་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། 

དེ་ཡང་༸གོང་ས་གིས།  ལ་དྭགས་ཀྱི་སློབ་གྲྭ་འདི་གཙོ་བོར་གྱུར་པའི་སློབ་གྲྭ་གཞན་ཁག་ནས་སློབ་ཕྲུག་གང་ཙམ་སླེབས་ཡོད་འདུག  སློབ་གྲྭའི་དགེ་རྒན་རྣམ་པ་དང་། ལས་བྱེད། སློབ་ཕྲུག་བཅས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། སློབ་སྤྱིས་ལས་བསྡོམས་ནང་བཤད་པ་བཞིན། ཁྱེད་རང་ཚོས་བསམ་བློ་གཏོང་སྟངས་དང་འཆར་གཞི་སྒྲིག་སྟངས་དེ་དག་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག  རྗེས་སུ་ཡི་རངས་ཡོད། ད་རེས་སློབ་ཕྲུག་ཁྱེད་རང་ཚོས་རིགས་ལམ་གྱི་ཐོག་ནས་བགྲོ་གླེང་བྱས་ཏེ་རིགས་པ་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་རིགས་ལམ་བསླབ་ནས་དེ་རིང་རྩོད་རྒྱུགས་ལྟ་བུ་བྱས་པར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཟེར་གྱི་ཡིན།

འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་རིགས་ཕལ་ཆེར་ལོ་སྟོང་ཕྲག་གསུམ་བཞིའི་ཡར་རྒྱས་རིམ་པས་འགྲོ་བཞིན་པ་གཙོ་བོ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་ཡོང་བཞིན་པ་རེད་འདུག དཔེར་ན། འཛམ་གླིང་འདིའི་སྟེང་ད་ལྟ་ཡིན་ནའང་ལུང་པ་གང་ཞིག་ཤེས་ཡོན་སློབ་སྦྱོང་བཟང་བ་ཡོད་མཁན་དེ་དག་ཡར་རྒྱས་ཆེ་བ་ཕྱིན་ཡོད། ཤེས་ཡོན་གྱི་སློབ་སྦྱོང་དེ་ཙམ་ཤུགས་ཆེན་པོ་མེད་མཁན་ཚོའི་གྲས་རྗེས་ལུས་ཐེབས་པ་ལྟ་བུ་འདུག

མིའི་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། མི་ལ་སྲོག་ཆགས་གཞན་དང་མི་འདྲ་བའི་ཀླད་པ་ཡོད། ཀླད་པ་འདིའི་ཐོག་ནས་ཤེས་རབ་མི་འདྲ་བ་ཞིག་ཡོད་པ་ཡིན་སྟབས། ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་རིང་མིའི་སྤྱི་ཚོགས་རིམ་པས་ཡར་རྒྱས་འགྲོ་བ་ཞིག་བྱུང་ཡོད། དེང་སྐབས་ཡིན་ནའང་མི་རིགས་དང་ལུང་པ་གང་དུ་ཡིན་ནའང་སློབ་སྦྱོང་ཡག་པ་ཡོད་པ་དེ་དག་གང་ལྟར་ཡར་རྒྱས་ཤུགས་ཆེ་བ་དང་སློབ་སྦྱོང་ཕྲན་བུ་རྗེས་ལུས་ཡིན་པ་དེ་དག་ལུང་པ་ཡར་རྒྱས་ཐད་རྗེས་ལུས་ཐེབས་པ་ལྟ་བུ་ཡོང་བཞིན་འདུག དེར་བརྟེན་སློབ་སྦྱོང་ཧ་ཅང་གལ་ཆེན་པོ་རེད།

འདིར་ལ་དྭགས་ལ་ཆ་བཞག་ན་ངོས་རང་ཕྱི་ལོ་ ༡༩༦༠ ལོའི་མགོ་སྟོད་ལ་ངོས་རང་ལ་དྭགས་སུ་སླེབས་པ་རེད། ད་བར་ལོ་བཅུ་ཕྲག་བཞི་ལྷག་ཕྱིན་པའི་རིང་ལ་སྤྱིར་གང་སྤྱིའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་འདུག་པ་མ་ཟད། ལྷག་པར་སློབ་སྦྱོང་ཐོག་ཡར་རྒྱས་ཤུགས་ཆེན་པོ་ཡོད་པའི་བཟོ་འདྲ་ཞིག་འདུག རྗེས་སུ་ཡི་རངས་ཡོད།

འཛམ་གླིང་འདི་དུས་རབས་ ༢༡ ནང་སླེབ་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་རྡུལ་ཕྲན་མཚོན་ཆ་གལ་སྲིད་བེད་སྤྱོད་བྱེད་པ་ཡིན་ན། འཛམ་གླིང་ཧ་ལམ་འཐོར་བཤིག་འགྲོ་རྒྱུ་དང་གཏོར་བཤིག་གཏང་རྒྱུའི་ནུས་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ཞིག་འདུག དེ་བཞིན་ང་རང་ཚོ་མིས་བྱ་སྤྱོད་རྐྱེན་པས་ཁོར་ཡུག་རིམ་བཞིན་ཉམས་ཉེས་འགྲོ་རྒྱུའི་གནས་ཚུལ་ཞིག་འདུག རང་བཞིན་ལྷན་སྐྱེས་ཀྱིས་འཛམ་གླིང་ཚ་དྲོད་ཤུགས་ཆེ་རུ་འགྲོ་བ་ཞིག་ཆགས་ཀྱི་ཡོད། འཛམ་གླིང་འདི་གཏོར་བཤིག་གཏོང་རྒྱུའི་གོ་མཚོན་ཧ་ཅང་ཤུགས་ཆེན་པོ་དེ་འདྲ་དེང་སྐབས་འཛམ་གླིང་འདིའི་སྟེང་ཡོད། དེ་བཞིན་ཁོར་ཡུག་ཕྲན་བུ་ཉམས་ཆག་འགྲོ་རྒྱུ་ཞིག་ཡོང་གི་ཡོད། རྩ་བའི་འཛམ་གླིང་འདི་ག་རང་ཚ་དྲོད་ཤུགས་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན་ད་ལྟའི་ང་ཚོ་འཛམ་གླིང་འདིའི་འགྲོ་སྟངས་ལྟ་བ་ཡིན་ན། ང་ཚོ་འགྲོ་བ་མིའི་རིགས་རིམ་པས་དཀའ་ངལ་ཆེ་རུ་འགྲོ་རྒྱུའི་གནས་སྟངས་ཤིག་འདུག གནས་སྟངས་འདི་སེལ་ཐུབ་ཀྱི་རེད་དམ་ཞེ་ན། ཏན་ཏན་སེལ་ཐུབ་རྒྱུ་རེད། གང་ལྟར་གཞོན་སྐྱེས་ཁྱེད་རང་ཚོར་དཀའ་ངལ་འདི་སེལ་རྒྱུའི་འགན་ཡོད་པ་མ་ཟད། ད་ལྟའི་དཀའ་ངལ་འདི་རིམ་པས་སེལ་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཆགས་ཐུབ་པའི་རེ་བ་ཡོད། རེ་བ་འདི་རྩ་བའི་རེ་བ་རྒྱག་སའི་གཞི་ལྟ་བུ་ཁྱེད་རང་ཚོ་གཞོན་ནུ་དང་སློབ་ཕྲུག་དེ་དག་ཆགས་ཡོད།

དུས་རབས་ ༢༠ དེ་གང་འདྲ་བྱུང་བ་རེད། ཅེས་ང་ཚོས་ཕྱིར་བལྟས་སློག་པ་ཡིན་ན། དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་འདུག དེ་བཞིན་དུས་རབས་ ༢༡ འདི་དུས་རབས་ ༢༠ ནང་བཞིན་ཕྱིན་པ་ཡིན་ན། འགྲོ་བ་མིའི་རིགས་ཁོར་ཡུག་དང་བཅས་པར་ཉམས་ཉེས་ཧ་ཅང་འཕྲད་རྒྱུའི་ཉེན་ཁ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གང་བློ་མའི་ལུང་སྩལ་ཡོད་པ་བཅས།།