སྦིར་བོད་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ།

མདུན་ངོས། / སྦིར་བོད་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༥ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྦིར་བོད་ཚོགས་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་དངུལ་འབུར་གཟུགས་ཀྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཡོད་པ་དང་། དེ་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་རྗེས་ཕོ་བྲང་མཇལ་འཕྲད་ཁང་དུ་དཔལ་ལྡན་རྒྱུད་སྟོད་ཀྱི་དགེ་བཤེས་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༠༠ཙམ་ལ་སྦིར་བོད་ཚོགས་ཀྱི་གཞིས་མི་ ༤༠༠ ཙམ་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་འདི་ལོ་སྦིར་བོད་ཚོགས་གཞིས་ཆགས་ཚུགས་ནས་ལོ་འཁོར་ལྔ་བཅུ་འཁོར་གྱི་ཡོད་པར་མི་མང་ནས་ལོ་འཁོར་ ༥༠ འཁོར་བའི་མཛད་སྒོ་མ་དགོས་པར་ད་བར་དུ་གཞིས་ཆགས་སྲ་བརྟན་ཡར་རྒྱས་བྱུང་བ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་རྟེན་ནས་བྱུང་བར་བཀའ་དྲིན་རྗེས་དྲན་གྱི་རྟགས་མ་ཕུལ་བ་སྙན་སྒྲོན་དང་འབྲེལ་གཟེངས་རྟགས་འབུལ་ལམ་ཞུས་པ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  

ང་རང་ཚོ་བོད་པའི་སྒྲིག་འཛུགས་གང་དུ་ཡོད་པ་ཡིན་ནའང་བོད་ཀྱི་ཡ་རབས་དང་སྤྱོད་པ་བཟང་པོ། དྲང་པོ་བྱེད་པ་འདི་བོད་པའི་རིན་ཐང་རེད། འདི་ཉམས་ན་བོད་པའི་རིན་ཐང་བརླག་འགྲོ་གི་རེད། ཤེས་སོང་ངམ། དེ་ཁྱོད་རང་ཚོས་ཕྲུ་གུ་དང་གཞོན་སྐྱེས་ཚོར་སློབ་སྟོན་བྱོས། མི་ལ་སློབ་སྟོན་དང་བསླབ་བྱ་བྱེད་པར་སོ་སོ་རང་ཉིད་ཡ་རབས་སྤྱོད་པ་བཟང་པོ་བྱེད་དགོས་པ་གལ་ཆེན་པོ་རེད། སོ་སོ་རང་ཉིད་ཡ་རབས། སྐྱག་རྫུན་མི་བཤད་མཁན། དྲང་པོ་དྲང་བཞག་བྱས་ཏེ་མི་རབས་གཞོན་པོ་ཚོར་བསླབ་དགོས་པ་རེད། ཅེས་དང་། ང་ཚོ་བོད་པ་རྣམས་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ཁྱོད་རང་གང་ནས་ཡིན་ནམ། ཞེས་དྲིས་ཚེ་བོད་པ་ཡིན་ཞེས་བཤད། བོད་ཡིག་ཤེས་ཀྱི་ཡོད་དམ་ཞེས་དྲིས་ཚེ་ཡག་པོ་རང་ཤེས་ཀྱི་མེད་ཟེར་དགོས་དུས་ངོ་ཚ་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། གནས་ཚུལ་ཞིག་ཐོས་པའི་སྐབས་སུ་དེ་ཡིན་པ་འདྲ་ཞེས་རི་བོད་ཅལ་འདྲོགས་མ་བྱས་པར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། སྤྱི་འཐུས་ཡོད་པས་མི་མང་གི་བསམ་ཚུལ་གྲོས་ཚོགས་ནང་དུ་སླེབས་ཐུབ་པ་སོགས་མང་གཙོ་ཚད་ལྡན་ཡོང་ཐུབ་པ་ཞིག་དང་། བསམ་ཚུལ་འདྲ་མིན་དང་བསམ་འཆར་འདྲ་མིན་ཡོང་གི་རེད། དེ་དག་ལ་རི་བོང་ཅལ་འདྲོགས་མ་བྱས་པར་རྟག་དཔྱད་དང་དཔྱད་བསྡུར་བྱེད་དགོས། ཞེས་སོགས་བོད་ཀྱི་ཡ་རབས་སྤྱོད་བཟང་ལ་འགྱུར་བ་ཕྲན་བུ་འགྲོ་བཞིན་པས་མི་ཐོག་གོང་མ་རྣམས་ཀྱིས་ཕྱི་མ་ཕྱི་མར་རྒྱུད་སྤྲོད་བྱས་ཏེ་རྒྱུན་འཛིན་བྱེད་དགོས་པའི་སྐོར་དང་།  བཙན་བྱོལ་དུ་ཕེབས་ནས་བོད་ཕྲུག་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐུབ་ཆེད་སློབ་གྲྭ་ཟུར་འཛུགས་བྱས་པའི་སྐོར། དེ་བཞིན་གཞིས་ཆགས་རིམ་བཙུགས་ཀྱི་ལོ་རྒྱུས་དང་། དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་ནས་རྒྱུད་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཕྱི་ལོ་ ༢༠༡༡ ལོ་ནས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲད་དེ་རྒྱ་ནག་ལས་མང་གཙོའི་ལམ་ལུགས་ཕུན་སུམ་ཚོགས་པ་བྱུང་ཡོད་པ་དང་། ནམ་རྒྱུན་མི་མང་གི་ངོས་ནས་སྡེ་བ་གཞུང་གི་དོན་དག་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་རྒྱུ་རེད་ཅེས་པའི་དཔེ་ལྟར་མ་ཡིན་པར་དོ་སྣང་བྱེད་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  ཕོ་བྲང་གི་མཇལ་འཕྲད་དཔལ་ལྡན་རྒྱུད་སྟོད་གྲྭ་དུ་གདན་ས་ཁག་ནས་སྔགས་ཀྱི་ཆོས་ཐོགས་སྐོར་མཁན་དགེ་བཤེས་མི་གྲངས་ ༥༤ ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་བཅས།།