ཡུ་རོབ་ཀྱི་མཛད་འཕྲིན་ཆེད་ཆིབས་ཐོན་གནང་བ།

མདུན་ངོས། / ཡུ་རོབ་ཀྱི་མཛད་འཕྲིན་ཆེད་ཆིབས་ཐོན་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་༩ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་མཛད་འཕྲིན་ཁག་གི་ཆེད་དུ་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གནང་ཡོད་པ་རེད། 

དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༡༢ ཐོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ཆིབས་ཐོན་གྱིས་ཀང་ར་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་ཡོད་པ་དང་།  ཚེས་ ༡༠ ཉིན་ཡུ་རོབ་བྱང་ཨར་ལེན་ཌིའི་ལོན་ཌོན་ཌེ་རེ་གྲོང་ཁྱེར་(Derry-Londonderry, Northern Ireland, UK)གྱི་Children in Crossfire ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ Millennium Forum ཞེས་པར་བྱམས་རྩེའི་ཉམས་ལེན་(Compassion in Action)གྱི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ།  ཚེས་ ༡༣ ཉིན་འཇར་མན་ཧྥ་རན་ཁུ་ཧྥོར་ཊི་བོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཇའོ་རན་རྡི་ཧལ་(Jahrhunderthalle) ཚོམས་ཆེན་དུ་ཐུན་མོང་གིས་སྤྱོད་པའི་གོ་ལའི་སྤྱོད་བཟང་ (Global Ethics - Shared Values) གི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། ཚེས་ ༡༤ ཉིན་འཇར་མན་ཧྥ་རན་ཁུ་ཧྥོར་ཊི་ཇའ་རན་རྡི་ཧལ་(Jahrhunderthalle)ཚོམས་ཆེན་དུ་ཉིན་གཅིག་རིང་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་(Western Science and Buddhist Perspectives) ཞེས་པའི་ལྷན་ཚོགས་ལ་མཉམ་བཞུགས་གནང་རྒྱུ།  ཚེས་ ༡༦ ཉིན་གྱི་སྔ་དྲོ་ཨི་ཊ་ལིའི་སི་སེ་ལའེ་མངའ་སྡེའི་ཊཱོར་མི་ནཱ་རུ་ཡོད་པའི་Ancient Greek-Roman Theater of Taormina རུ་ཞི་བདེའི་སྐོར་ལ་མི་མང་ལ་བཀའ་སློབ་སྩལ་རྒྱུ། 

ཚེས་ ༡༧ ཉིན་ཨི་ཊ་ལིའི་སི་སེ་ལའེ་མངའ་སྡེའི་མའེ་སི་ནཱ་རུ་ཡོད་པའི་ཊེ་ཊོར་ཝེ་ཐའོ་རེའོ་ཨེ་མན་ནུལ་ (Teatro Vittorio Emanuele) རུ་སྙིང་རྗེ་ཅན་གྱི་ཀུན་སྤྱོད་དང་རྟེན་འབྲེལ་(Compassionate Ethics and Interdependence) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྗེས། ཕྱི་ཉིན་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཨི་ཊ་ལིའི་སི་སེ་ལའེ་མངའ་སྡེའི་ཕ་ལེར་མའོ་རུ་ཤེས་ཡོན་ལ་སྤྲོ་བ་བསྐྱེད་པ་(Joy Education)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། 
ཚེས་ ༡༩ ཉིན་རྒྱབ་ཧྥུ་ལོ་རན་སི་གྲོང་ཁྱེར་ནས་གོ་སྒྲིག་ཞུས་དོན་ལྟར་ཨི་ཊ་ལིའི་ཁྲོ་སི་ཀ་ནི་མངའ་སྡེའི་ཧྥུ་ལོ་རན་སི་གྲོང་ཁྱེར་དུ་ཤེས་ཡོན་སློབ་གསོ་བརྒྱུད་ཞི་བདེ་གོང་སྤེལ་ (Peace through Education) གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། 
ཚེས་ ༢༠ ནས་ ༢༡ ཉིན་གཉིས་རིང་ཨི་ཊ་ལིའི་ཁྲོ་སི་ཀ་ནི་མངའ་སྡེའི་ཕེ་སཱ་གྲོང་ཁྱེར་དུ་ཕེ་སཱ་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཕེ་སཱ་ཚོགས་ཁང་དུ་(Pisa Congress Hall) ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག  དབང་རྩའི་ཚན་རིག  ཚད་རྡུལ་དངོས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་ཡིན་པ་དང་། 

ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ (Skonto Hall ) དུ་ཀ་མ་ལ་ཤི་ལིས་མཛད་པའི་སྒོམ་རིམ་བར་བ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་རྒྱུ།  ཚེས་ ༢༥ ཉིན་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ (Skonto Hall ) དུ་ས་མཚམས་མེད་པའི་མཐུན་སྒྲིལ་ (Harmony Without  Boundaries) གྱི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྒྱུ་ཡིན་པ་བཅས།།