༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཇལ་འཕྲད་གནང་བ།

མདུན་ངོས། / ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧ པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཀང་ར་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཏེ། ཆུ་ཚོད་ ༡༠།༠༠ ཙམ་ལ་མོརྱ་གསོལ་མགྲོན་ཁང་(ITC Maurya) དུ་ཨ་རིའི་སྲིད་འཛིན་ཟུར་བ་སྐུ་ཞབས་བྷ་རག་ཨོ་བྷ་མ་(Barack Obama)མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། 

དེ་ཡང་ལྡི་ལི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་། རྒྱ་གར་དང་ཤར་ཨེ་ཤི་ཡའི་འབྲེལ་མཐུད་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་མོརྱ་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་དང་མཇལ་འཕྲད་མཛད་ཡོད་པ་དང་། མཇལ་འཕྲད་སྐབས་འཛམ་གླིང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་དང་།  འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་གི་དཀའ་རྙོག་ཇི་ལྟར་སེལ་དགོས་སྐོར་དང་།  དེང་རབས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་མ་གཏོགས་ནང་སེམས་ཀྱི་སྤྱོད་བཟང་གི་ཡོན་ཏན་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་མ་བྱས་པར་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་སོགས་བཀའ་མོལ་གནང་བ་དང་། 

གཞན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རིག་གཞུང་རྙིང་པ་དེ་དག་བསྐྱར་གསོ་མཛད་པ་བརྒྱུད་མིའི་བསམ་བློ་གཏོང་སྟངས་ལ་ཕྲན་བུ་འགྱུར་བ་བཏང་སྟེ། ཞབས་འདེགས་ཞུ་ཐབས་མཛད་བཞིན་ཡོད་སྐོར་དང་།   སྲིད་འཛིན་ཟུར་པ་ཁོང་ནི་སྟོབས་ཆེན་ཨ་རི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་ཙམ་མིན་པར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་། འཛམ་གླིང་སྤྱིའི་བདེ་དོན་ཆེད་དགོངས་པ་རྒྱ་ཆེན་པོ་བཞེས་མཁན་ཞིག་ཡིན་པ་དང་། དགུང་ནའི་བབ་ཀྱི་ཆ་ནས་ཀྱང་དེ་ཙམ་མཐོན་པོར་སོན་མེད་སྟབས་ཚང་མས་མཉམ་རུབ་མཛད་རྒྱུ་གལ་ཆེན་པ་ཡིན་པ་སོགས་འཇིག་རྟེན་བདེ་ཐབས་སུ་འགྲོ་བ་མི་ཡོངས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པའི་སྐོར་སོགས་ལ་སྐར་མ་ ༤༥ རིང་བཀའ་མོལ་གནང་ཡོད་པ་དང་། ཉིན་གུང་ཆུ་ཚོད་༡༢ ཡོལ་ཙམ་ལ་ཕྱིར་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་བདེ་བོར་འཁོད་ཡོད་པ་བཅས།།