ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུའི་ལྗང་པའི་མདོའི་ཆོས་འབྲེལ་གནང་སྒོ་མཇུག་གྲུབ་པ།

མདུན་ངོས། / ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུའི་ལྗང་པའི་མདོའི་ཆོས་འབྲེལ་གནང་སྒོ་མཇུག་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནཱ་ལེནྡྲ་ཤིག་ཤའམ་རྒྱ་གར་གྱི་ནང་ཆོས་དོན་གཉེར་བ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་ནས་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུའི་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཁྲིད་གནང་སྒོ་མཇུག་ལེགས་པར་གྲུབ་པ་དང་། བོད་ནས་གསར་དུ་འབྱོར་བ་གཙོར་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་ལ་སེམས་བསྐྱེད་དང་། སྟོན་པའི་མཚན་སྔགས། མ་ཎི་ཡི་གེ་དྲུག་མ། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུགས་སྔགས་བཅས་ཀྱི་ཟློས་ལུང་དང་བཀའ་དྲིན་སྩལ། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༥༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་ཕོ་བྲང་ནས་ཆིབས་ཊོར་བཞུགས་ཏེ་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་ནང་པའི་རྗེས་ཁག་ཅིག་གིས་ཤིས་བརྗོད་གསུངས་འདོན་དང་། དེ་རྗེས་རྒྱ་གར་སློབ་ཕྲུག་བུ་མོ་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་རྩོམ་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཧིན་དྷིའི་སྐད་དུ་གསུང་འདོན་གནང་བ་དང་། དེ་ནས་་སྔ་རྗེས་སུ་པཱ་ལིའི་སྐད་དང་ལེགས་སྦྱར་གྱི་སྐད་ཐོག་ཤིས་བརྗོད་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་སློབ་ཕྲུག་ཚོས་ངོས་ཀྱིས་བྲིས་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཏོན་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཏོན་ཡོང་དུས་ངོས་རང་གི་སེམས་ལ་ཚོར་བ་ཆེན་པོ་བྱུང་། འདིའི་སྔོན་སློབ་ཕྲུག་ཚོར་བཤད་པ་ཡིན། མཁས་པའི་དབང་པོ་དེ་དག་ནང་པའི་བླ་མ་རྩ་ཆེན་པོ་ཡིན་པ་གཅིག་པུ་མ་རེད། དེ་དག་དངོས་གནས་ཤེས་ཡོན་ཅན་དང་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཡིན་པ་མ་ཟད། རྣམ་དཔྱོད་ཅན་དེ་ཆ་ཚང་བྱས་ཏེ་དངོས་པོའི་གནས་ཚུལ་གཏན་ལ་ཕབ་པར་རིག་པའི་ལམ་ནས་གཏན་ལ་ཕབ་མཁན་ཧ་ལས་པ་རེད། ངོས་ནས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་སྤྲོད་པའི་སྐབས་སུ་ཁོང་ཚོ་ནི་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་(professor) རེད་ཅེས་བཤད་ཀྱི་ཡོད། ཁོང་ཚོ་ནི་དངོས་གནས་མཁས་པ་རེད། མཁས་པ་དེ་ཚོའི་ལེགས་བཤད་ལ་བརྟེན་ནས་འཛམ་གླིང་འདིར་མི་འབུམ་ཕྲག་མང་པོའི་བློ་གྲོས་ཀྱི་རྣམ་དཔྱོད་གོང་ནས་གོང་དུ་འཕེལ་བ་དང་། དེ་ལ་བརྟེན་ནས་སེམས་རྒྱུད་དུལ་བར་ཕྱིན་པ་དང་། དེ་ལ་བརྟེན་ནས་ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཟེར་བའི་རྣམ་མཁྱེན་གྱི་ས་ལ་ཐག་ཉེ་རུ་ཉེ་རུ་འགྲོ་བ་ལ་ལེགས་བཤད་དེ་དག་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། དངོས་གནས་དེ་དག་བཀའ་དྲིན་བསམ་གྱི་མི་ཁྱབ་པ་རེད། 

སྟོན་པ་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་མཁས་པའི་དབང་པོ་དེ་དག་གིས་བརྩམས་པའི་ལེགས་བཤད་ང་ཚོས་སློབ་དེབ་བྱས་ཏེ་བལྟ་བ་དང་བསམ་བློ་བཏང་ནས་སྐབས་སུ་བབ་པའི་མི་ལའང་དེའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད། དེར་བརྟེན་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུ་ནི། དོ་དགོང་ལོག་འགྲོ་མཁན་དང་སང་ཉིན་གནངས་ཉིན་ཐོན་འགྲོ་མཁན་ཡང་མང་པོ་ཞིག་ཡོད་འདུག དེར་བརྟེན་ཁ་སང་ཞུས་ཟིན་པ་ལྟར་དེ་རིང་འདིར་ཁྱོད་རང་ཚོ་ཐོན་འགྲོ་མཁན་ཚོའི་ཆོས་སྐལ་དུ་སེམས་བསྐྱེད་ཅིག་འདོན་དགོས་བསམ་ཡོད། ཅེས་སོགས་བཀའ་སློབ་སྩལ་གྲུབ་མཚམས་སངས་རྒྱས་ཆོས་ཚོགས་མའི་སྟེང་ནས་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། གཞན་ཡང་སྟོན་པའི་མཚན་སྔགས། མ་ཎི་ཡི་གེ་དྲུག་མ། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུགས་སྔགས་བཅས་ཀྱི་ཟློས་ལུང་དང་བཀའ་དྲིན་སྩལ་བ་དང་། དེ་ནས་སཱ་ལུའི་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཁྲིད་མཇུག་སྐྱོང་གིས་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། 

ཉིན་གསུམ་རིང་གི་གསུང་ཆོས་འདིར་ནཱ་ལེནྡྲ་ཤིག་ཤ་(Nalanda Shiksha) ཚོགས་མི་གྲངས་ ༢༠༠༠ དང་།  ལྡི་ལི་ནས་ཕེབས་པའི་མཐོ་རིམ་སློབ་མ་ ༣༠༠ དང་། ཅན་དྷི་གཱར་དང་འཇའ་མོ་ནས་ ༢༠༠ དང་། རྡོ་རྗེ་གདན་ཉེ་ཁུལ་ནས་སློབ་ཕྲུག་ ༦༠༠ ཕེབས་ཡོད་པ་དང་། གཞན་ཡང་། འཇམ་མུ་དང་ཀ་ཤི་མེར་དང་། ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་མངའ་སྡེ། གྷོ་བ། ཨན་དཱར་མངའ་སྡེ། ཊཱ་མིལ་ནཱ་རྡུ། ཀར་ནཱ་ཊ་ཁཱ། སུ་ཀེམ། ཨོ་ཊི་ཤཱ་བཅས་དང་། ཁྱོན་རྒྱལ་ཁབ་ ༦༩ ནས་མི་རིགས་འདྲ་མིན་གྱི་སེར་སྐྱ་མང་ཚོགས་ ༥༠༠༠༠ བརྒལ་བར་ཆོས་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་དེ་བཞིན་དབྱིན་སྐད་དང་ཧིན་སྐད། རྒྱ་སྐད། ར་ཤི་ཡའི་སྐད། སོག་སྐད། ཝེ་དུ་ནམ་གྱི་སྐད། ཀོ་རུ་ཡའི་སྐད། ཉི་ཧོང་སྐད། སི་པིན་ནེ་ཤིའི་སྐད། ཧྥ་རིན་སིའི་སྐད་བཅས་སུ་གསུང་བསྒྱུར་ཞུས་ཡོད་པ་མ་ཟད། བོད་ནས་གསུར་དུ་ཕེབས་པ་མང་པོར་ཆེད་དམིགས་ཀྱིས་ཨ་མདོའི་སྐད་དང་ཁམས་སྐད་དུའང་གསུང་བསྒྱུར་གོ་སྒྲིག་ཞུས་ཡོད་པ་བཅས།།