ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

མདུན་ངོས། / ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ Sri Jai Ram Thakur  མཆོག་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་འཁོར་དང་བཅས་པས་དགའ་ལྡན་ཕོ་བྲང་དུ་ཕེབས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀྲ་ཤིས་རྟགས་བརྒྱད་ཕྱག་རྟགས་སུ་གསོལ་སྩལ་མཛད་པ་དང་སྦྲགས་བློན་ཆེན་མཆོག་དང་ལྷན་བཀའ་མོལ་མཛད།  སྐབས་དེར་༸གོང་ས་མཆོག་གིས་ཁོར་ཡུག་དང་འཐུང་ཆུའི་དཀའ་ངལ་རིགས་སེལ་ཐབས་སུ་ཕུགས་འགྱངས་རིང་པོའི་བསམ་བློ་གཏོང་དགོས་པ་མ་ཟད།

རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ལེགས་བཤད་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་སྟབས། བདག་གཅེས་བྱ་རྒྱུ་ཐོག་འབད་བརྩོན་གནང་གལ་དང་།  ལེགས་བཤད་དེ་དག་མིའི་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པར་བརྟེན་མགོན་པོ་གང་ཉིད་མཆོག་གིས་ཀྱང་དེང་དུས་ཤེས་ཡོན་ལམ་ལུགས་ནང་ལེགས་བཤད་དེ་དག་ལ་གཞི་བཅོལ་བའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་མཛད་བཞིན་ཡོད་སྐོར།

དེ་བཞིན་རྒྱ་གར་འཕགས་པའི་ཡུལ་འདིའི་ནང་འཛམ་གླིང་འདིའི་སྒང་གི་ཆོས་བརྒྱུད་གཙོ་ཆེ་བ་ཕལ་ཆེར་ཚང་མ་ཡོད། རྒྱ་གར་གྱི་ཕ་མེས་ཀྱི་ཆོས་རྩིས་ན་ལོ་ངོ་སྟོང་ཕྲག་གསུམ་གྱི་རིང་རྒྱ་གར་ནང་གསར་དུ་བྱུང་བའི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་དེ་དང་དེ་འདྲ་བའི་ཆོས་བརྒྱུད་མང་པོ་ཞིག་རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བ་ཞིག་ཆགས་ཡོད། པར་སི་དང་། ཇུའུ། ཡེ་ཤུ། ཁ་ཆེ་སོགས་ཕྱི་ནས་བྱུང་བ་ཞིག་རེད། རྒྱ་གར་ནང་ཆོས་བརྒྱུད་འདི་དག་ཚང་མ་གནས་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་གཅིག་གི་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དང་། དེ་དག་གི་ནང་རྙོག་གྲ་རེ་ཟུང་ཡོང་གི་རེད་ལ་ཡོང་སྲིད་པ་ཞིག་ཀྱང་རེད། སྤྱི་ཡོངས་ཀྱི་ཆ་ནས་དངོས་གནས་ཆོས་ལུགས་གཅིག་གི་གཅིག་ལ་བརྩི་བཀུར་བྱས་ནས་འགྲོ་རྒྱུ་ནི་འཛམ་གླིང་འདིའི་སྟེང་རྒྱ་གར་མིག་དཔེ་ལྟ་ས་ལྟ་བུ་ཆགས་ཡོད་པ་སོགས་གསུངས་ཡོད་པ་བཅས།