རྡ་སའི་ཉེ་འགྲམ་ནུར་པུར་གཞུང་ལམ་དུ་བྱིས་པ་ ༢༣ གྱི་གཅེས་སྲོག་ཤོར་བར་ཐུགས་གསོ་མཛད་པ།

མདུན་ངོས། / རྡ་སའི་ཉེ་འགྲམ་ནུར་པུར་གཞུང་ལམ་དུ་བྱིས་པ་ ༢༣ གྱི་གཅེས་སྲོག་ཤོར་བར་ཐུགས་གསོ་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ཉིན་རྡ་སའི་ཉེ་འགྲམ་ནུར་པུར་གཞུང་ལམ་དུ་རླངས་འཁོར་ཞིག་གཡང་དུ་ལྷུང་ནས་བྱིས་པ་ ༢༣ ཚེ་སྲོག་ཤོར་བར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡི་རཱམ་ཐཱ་ཀུར་ Jai Ram Thakur མཆོག་བརྒྱུད་ཕྲུ་གུའི་ཕ་མ་གཙོ་བོར་གྱུར་བའི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་སེམས་གསོ་མཛད་པའི་ནང་འཁོད་དོན། 

ཁ་སང་ནུར་པུར་ Nurpur ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་གཡང་དུ་ལྷུང་ནས་ཁྱོན་མི་གྲངས་ ༢༧ འདས་གྲོངས་སུ་གྱུར་ཡོད་པ་ནས་ཕྲུ་གུ་ ༢༣ ཚེ་སྲོག་ཤོར་བར་ངོས་རང་བློ་ཕམ་ཧ་ཅང་བྱུང་།  ཕྲུ་གུ་དེ་དག་རྒྱལ་ནང་གི་བྱིས་པ་གཞན་དང་མཚུངས་པར་ཕ་མའི་སེམས་ཁོངས་སུ་དགའ་སྤོབས་ཀྱི་ཚོར་བ་དང་རེ་བའི་འོད་སྣང་སྦྱིན་མཁན་ཡིན་ཞིང་།  ཕ་མའི་ཕུགས་འདུན་ཞིག་ཀྱང་ཡིན།  སློབ་གྲྭ་ནས་ནང་དུ་ཕྱིར་ལོག་བྱེད་བཞིན་པའི་ཕྲུ་གུ་དེ་དག་ལམ་བར་འདས་གྲོངས་སུ་གྱུར་བ་ནི་གོད་ཆག་ཧ་ཅང་ཆེན་པོ་ཕོག་པ་ཞིག་རེད། ངོས་ཀྱིས་རྐྱེན་ངན་གོད་ཆག་དེའི་འོག་དཀའ་སྡུག་མྱོང་བཞིན་པའི་ཕྲུ་གུའི་ཕ་མ་དང་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན།

ཧི་མཱ་ཅལ་མངའ་སྡེ་ནི་འདས་པའི་ལོ་ངོ་ ༥༨ ཙམ་རིང་ངོས་ཀྱི་སྡོད་གནས་ཆགས་ཡོད། དེར་བརྟེན་ས་གནས་ཡུལ་མི་རྣམས་ལ་རང་བཞིན་གྱིས་སེམས་ཐག་ཉེ་བའི་ཚོར་སྣང་ཞིག་སྐྱེ་བཞིན་ཡོད་སྟབས། གློ་བུར་གོད་ཆགས་དེ་འདྲ་ཕོག་སྐབས་ནང་མི་གཅིག་གི་ཚོར་སྣང་འོག་སེམས་སྡུག་ཧ་ཅང་ཡོང་བཞིན་འདུག ཅེས་འཁོད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདུང་སེམས་མཉམ་སྐྱེ་མཚོན་སླད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་རོགས་དངུལ་ཐེབས་རྩར་ཞལ་འདེབས་གསོལ་སྩལ་མཛད་པ་དང་སྦྲགས་ཐུགས་སྨོན་མཚམས་སྦྱོར་ཡང་མཛད་ཡོད་པ་བཅས།།