སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་བཀའ་བློན་ལས་ཟུར་སོགས་ལ་སྩལ་བའི་བཀའ་སློབ།

མདུན་ངོས། / སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་བཀའ་བློན་ལས་ཟུར་སོགས་ལ་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་བཀའ་བློན་ལས་ཟུར་སོགས་ལ་ལེགས་སྐྱེས་དད་རྟེན་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་གསོལ་རས་དང་བཀའ་སློབ་བཀའ་དྲིན་སྩལ་བ།

༄༅། །ཁྱེད་རང་ཚོ་བོད་ཀྱི་ལོ་རྒྱུས་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་གནས་དང་མ་གནས་ཟེར་བའི་དུས་ཚོད་ཅིག་ལ་ང་ཚོས་མི་ཚེ་བསྐྱལ་ཡོད། བོད་བསྟན་སྲིད་ཀྱི་ཞབས་འདེགས་བསྒྲུབ་རྒྱུར་ང་ཚོའི་མི་རབས་འདིས་གང་ལ་གང་འཚམ་བྱས་ཡོད་ཅེས་ངོས་ནས་རྟག་པར་རྗོད་ཀྱི་ཡོད། བོད་ཀྱི་བདེན་དོན་ནི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། བོད་ཀྱི་བདེན་དོན་ལ་འཛམ་བུ་གླིང་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད། མདོར་ན། ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་པ་འདི་བོད་ཀྱི་ཆོས་རྒྱལ་གོང་མ་ཚོའི་བཀའ་དྲིན་དང་། གཙོ་བོ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་ཁོང་རྣམ་པས་དཔལ་ནཱ་ལེནྡྲའི་ཤེས་ཡོན་གཏིང་ཟབ་ཡོད་པ་དེ་ང་ཚོ་བོད་པ་ཚོར་རྩིས་སྤྲོད་གནང་བ་ཞིག་ཡིན། ཞི་འཚོ་ཡབ་སྲས་རྣམས་ཀྱིས་ང་ཚོར་རྩིས་སྤྲོད་གནང་བ་དེ་ང་ཚོས་བདག་པོ་ཧ་ཅང་ཡག་པོ་བརྒྱབ་ཡོད། 

    ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ཞེས་རྗོད་སྐབས་དེང་དུས་འཛམ་གླིང་འདིའི་སྒང་གི་ཚན་རིག་པ་མང་པོས་ཧ་ལམ་སེམས་ཁམས་རིག་པ་སོགས་ཀྱི་ཐོག་ལ་རེ་བ་རྒྱག་ས་ཞིག་ཆགས་ཡོད། བོད་ཀྱི་བདེན་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཆགས་ཡོད། ང་རང་ཚོས་དུས་ཡུན་འདིའི་རིང་བོད་བསྟན་སྲིད་སླད་ཞབས་འདེགས་བསྒྲུབས་པ་དེ་དག་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་བསྒྲུབས་པར་བརྟེན་ང་ཚོ་ཚང་མས་ཚོགས་བསགས་ཡོད།  
གཉིས་ནས་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་ཡོངས་གྲགས་རེད།  ལོ་རྒྱུས་ཐོག་ནས་ཡིན་ནའང་ཕལ་ཆེར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་སྤྲུལ་འདྲ་མིན་གྱི་ཐོག་ནས་བོད་བསྟན་སྲིད་ཀྱི་འཕྲིན་ལས་བསྐྱངས་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་བོད་སྤྱི་པའི་དོན་དུ་སོ་སོའི་མི་ཚེ་གང་པོ་བཏང་ནས་དཀའ་ལས་བརྒྱབ་པ་དེ་སོ་སོར་བྱིན་རླབས་ཟེར་ནའང་འདྲ། ལས་ཀྱི་འབྲེལ་བ་ཟེར་ནའང་འདྲ། གང་ལྟར་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།  

    དེར་བརྟེན་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་ཐུབ་རྒྱུ་ཕལ་ཆེར་ངས་ཐག་བཅད་ནས་བཤད་ཐུབ།ཤེས་སོང་ངམ།  གང་ལྟར་མི་ཚེ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་བོད་བསྟན་སྲིད་ཀྱི་དོན་དུ་སོ་སོས་ཧུར་ཐག་འབད་ཐག་དཀའ་ལས་བརྒྱབ་པའི་ལས་ཀྱི་འབྲས་བུ་ཚེ་རབས་ནས་ཚེ་རབས་གནས་ཐུབ་པ་ངོས་ཀྱིས་དེ་ལྟར་དྲན་གྱི་འདུག།  འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བོད་པ་མང་པོ་ཞིག་གིས་ངོས་སྤྱན་རས་གཟིགས་སྐུ་ཤ་རློན་པ་རེད་ཟེར་གྱི་ཡོད།  དེ་འདྲ་རང་ཡིན་མིན་གང་ཤེས། དམིགས་བསལ་བོད་ནས་ཡོང་བའི་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་སྐུ་གསོན་པོར་རྩི་བཞིན་ཡོད། སྔོན་མ་མོན་གྷོར་གཞིས་ཆགས་ཐོག་མར་ཚུགས་སྐབས་བལ་ཡུལ་ནས་རྒྱ་གར་ལ་ཐད་ཀར་ཡོང་བའི་གྲོང་གསེབ་པ་ཁག་ཅིག་ཡོད་པ་ངོས་རང་གཞིས་ཆགས་དེར་སླེབས་སྐབས་ཁོང་ཚོ་ཁ་ཤས་ཀྱིས་ཨ་ཙི་སྤྱན་རས་གཟིགས་གོམ་པ་བསྐྱོན་ནས་ཕེབས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། (བཞད་མོ་བཞད།) སྤྱན་རས་གཟིགས་ཞུ་བ་མཆོད་གཤོམས་ནང་བཞུགས་མཁན་གྱི་བསམ་བློ་འཁོར་གྱི་ཡོད་པ་རེད། གང་ལྟར་ངོས་རང་སྤྱན་རས་གཟིགས་ཡིན་མིན་མི་ཤེས་ཏེ་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཞེ་དྲག་ཤུགས་ཆེན་པོ་ཞིག་ཡོད། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང། ལྷག་པར་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ངོས་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཚོར་བ་ཤུགས་ཆེ་ཞིག་ཡོང་གི་འདུག 

    ལོ་ཤས་གོང་མཚོ་པདྨར་སླེབས་སྐབས་ཚོར་བ་ཧ་ཅང་ཤུགས་ཆེ་པོ་ཞིག་བྱུང་། སློབ་དཔོན་རིན་པོ་ཆེ་དང་། ཁྲི་སྲོང་ལྡེའུ་བཙན། མཁན་ཆེན་བྷོ་དྷི་སཏྭ་བཅས་མཁན་སློབ་ཆོས་གསུམ་དང་འབྲེལ་བ་ཐུན་མོང་མིན་པ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད།  སྐབས་དེར་ངོས་རང་ཚོར་བ་ཤུགས་ཆེ་སྐྱེས་ནས་མིག་ཆུ་ཧ་ཅང་ཤོར་བྱུང་།  དེའི་རྗེས་སུ་ཕལ་ཆེར་ཟམ་གདོང་རིན་པོ་ཆེ་དང་། སྲིད་སྐྱོང་། ཚོགས་གཙོའང་ཕལ་ཆེར་ཡོང་བ་ཡོད།  དེའི་རྗེས་སུ་སྐད་ཆ་བྱུང་བར།  ངོས་དང་མཁན་སློབ་ཆོས་གསུམ་དབར་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཚོར་བཞིན་འདུག ངོས་དང་མཉམ་དུ་ལས་ཀ་བྱེད་མཁན་ཚོའང་མཁན་སློབ་ཆོས་གསུམ་དང་འབྲེལ་བ་ཡོད་པ་ཞིག་ཕལ་ཆེར་ཆགས་ཡོད། དེར་བརྟེན་དེ་ནི་མི་ཚེ་གཅིག་གི་གནས་ཚུལ་མ་རེད། མཁན་སློབ་ཆོས་གསུམ་ནས་བྱས་ཏེ་ལས་ཀྱི་འབྲེལ་བ་ཡོད་པ་ཞིག་རེད། ཅེས་སྐབས་དེར་དེ་འདྲ་ཞུས་པ་ཡིན།  དེ་རིང་འདིར་ཁྱེད་ཚོར་ཡང་དེ་ལྟར་བརྗོད་འདོད་བྱུང་། 

    ངོས་དང་མཉམ་དུ་བོད་སྤྱི་པའི་དོན་ལ་དཀའ་ལས་བརྒྱབ་ནས་བོད་མི་རིགས་ཆགས་འཇིག་གི་དུས་ཡུན་དེའི་རིང་དཀའ་ལས་མཉམ་དུ་རྒྱག་མཁན་དེ་གང་ལྟར་མཁན་སློབ་ཆོས་གསུམ་སྐབས་ནས་འབྲེལ་བ་ཡོད་པ་ཞིག་རེད། དེ་སྔ་ནས་འབྲེལ་བ་ཡོད་པ་ཞིག་དང་མ་འོངས་པར་ཡང་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་རྒྱུ་རེད། ཁྱེད་ཚོ་མང་ཆེ་བ་མ་འོངས་པའི་སྐྱེ་བ་དེའང་ཕལ་ཆེར་བོད་དུ་སྐྱེ་མདོག་ཁ་པོ་རེད།  མ་འོངས་པར་ཡང་ང་ཚོ་མཉམ་དུ་ཐུག་གི་རེད།  བོད་ཀྱི་དོན་དག་འདི་ཕྱོགས་གཅིག་ནས་བདེན་པའི་དོན་དག་རེད།

    དངོས་ཡོད་གནས་ཚུལ་ལ་ང་ཚོས་རང་བཙན་ཞེས་ཁ་བྲལ་འགྲོ་རྒྱུའི་སྐད་ཆ་ཤོད་ཀྱི་མེད། ༡༩༧༤ ལོ་ནས་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་དགོས།  དེར་བརྟེན་ང་ཚོས་རང་བཙན་བཤད་པ་ཡིན་ན་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཐུབ་རྒྱུ་མ་རེད་ཅེས་སྐད་ཆ་བྱུང་བ་རེད། སྐབས་དེར་ངོས་ཀྱིས་ང་ཚོར་དགོས་རྒྱུ་བདེ་སྐྱིད་ཡིན། ཞེས་བཤད་པ་རིམ་བཞིན་ཁ་གསལ་དུ་ཕྱིན་ནས་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་མེད་པ་བྱས་པ་རེད། རྒྱ་ནག་ཐོག་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་རང་བཙན་གྱི་རྨང་གཞི་ལྟ་བུར་བརྩིས་ནས་དམ་དྲག་བྱེད་པ་དེའང་མེད་པར། ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པར་ང་རང་ཚོས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་པ་དང། ཆབ་སྲིད་ཐོག་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་སྡོད་རྒྱུའི་བསམ་བློ་བཏང་ཡོད། རྒྱ་རིགས་ཀྱི་ཁྲོད་གནས་ཚུལ་དེའི་སྐོར་ཡག་པོ་ཤེས་མཁན་ཚོས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་བཞིན་འདུག

    ལོ་ཤས་གོང་རྒྱ་ཡིག་ནང་རྩོམ་ཡིག་ ༡༠༠༠ ཙམ་ཐོན་ཡོད། འབྲི་མཁན་རྒྱ་རིགས་རེད། རྩོམ་ཡིག་དེ་དག་ཚང་མའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་བོད་ལ་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་པ་དེ་འདྲ་བྱུང་བ་རེད།  དེང་སང་ཡིན་ནའང་ངོས་ཀྱི་ཉམས་མྱོང་ཐོག་ནས་བརྗོད་ན་དེ་སྔ་ཨ་རི་དང་། ཨོ་སོ་ཀྲེ་ལི་ཡ།  ཉི་ཧོང་སོགས་ནང་རྒྱ་རིགས་སློབ་ཕྲུག་ཚོ་དང་ཐུག་སྐབས་ཐོག་མའི་ཆར་ཕྲན་བུ་སྒམ་པོ་དང་ཐག་རིང་པོ་བྱས་ནས་བསྡད་པ་དང་།   དེ་ནས་ང་ཚོས་རང་བཙན་རྩོད་ཀྱི་མེད་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་སྟངས་སྐོར་འགྲེལ་བཤད་རྒྱག་སྐབས་རང་བཞིན་གྱིས་སེམས་པ་ལྷོད་ལྷོད་ཆགས་འགྲོ་བ་དང་།  གང་ལྟར་ང་ཚོས་སྲིད་བྱུས་འཛིན་བཞིན་པ་འདིར་གྲུབ་འབྲས་རིམ་བཞིན་འཐོན་བཞིན་ཡོད་པའི་རྣམ་པ་འདུག 

    ལྷག་པར་དུ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དེང་གི་ཆར་རྒྱ་ནག་ནང་གི་ཤེས་ཡོན་ཅན་དང། སློབ་གྲྭ་ཆེན་མོའི་དགེ་རྒན་ཚོས་ང་ཚོའི་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་དེབ་སོགས་མང་པོ་ཐོན་ཡོད་པ་སློབ་གྲྭ་ཆེན་མོ་དེ་འདྲའི་ནང་ཡིག་ཆ་དེ་དག་སླེབས་ཐུབ་ཀྱི་ཡོད། བོད་ཀྱི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་ཚོས་བོད་ཡིག་བསླབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཤེས་སོང་ངམ། ཕྱོགས་གཅིག་ནས་རྒྱ་ནག་སྲིད་གཞུང་གིས་བོད་ཡིག་རྩ་མེད་བཟོ་རྒྱུའི་བསམ་བློ་གཏོང་གི་ཡོད་པ་དང། ཤེས་ཡོན་ཅན་གྱིས་བོད་ཡིག་བསླབ་རྒྱུར་དོ་སྣང་བྱེད་ཀྱི་ཡོད་པ་དེས་བདེན་པའི་མཐའ་གསལ་ཡོང་གི་ཡོད། རིམ་པས་རིམ་པས་རྒྱ་ཕྱོགས་ནས་བསམ་བློ་གུ་ཡངས་པོ་བཏང་བ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་འདི་བོད་མིའི་ཁེ་ཕན་ཙམ་དུ་མ་ཟད། རྒྱ་མི་རིགས་ཀྱི་ཁེ་ཕན་ལའང་ཐུག་ཡོད་པ། དེ་དག་རིམ་པས་གསལ་པོ་ཆགས་ཀྱི་རེད་དྲན་གྱི་འདུག འཛམ་བུ་གླིང་འདིའི་ཐོག་ངོས་ཀྱིས་རྟག་པར་བརྗོད་པ་ནི། དེ་སྔ་ཡིན་ན་བོད་ཀྱི་སངས་རྒྱས་པའི་ཆོས་འདི་བླ་མའི་ཆོས་ལུགས་ (Lamaism) ཞེས་བརྗོད་ཀྱི་ཡོད། བར་སྐབས་ནས་བླ་མའི་ཆོས་ལུགས་ཟེར་བའི་མིང་དེ་བེད་སྤྱོད་བྱེད་མཁན་ཧ་ཅང་ཉུང་ཉུང་རེེད། དེང་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་རེད་ཅེས་མང་པོས་དེ་ལ་དོ་སྣང་བྱེད་ཀྱི་ཡོད། སྐབས་ཤིག་ཨ་རི་ནུབ་ཕྱོགས་ཁུལ་དུ་ས་གནས་དེ་གའི་བོད་པ་གང་འཚམ་དང། ཕྱི་རྒྱལ་བ་མང་པོ་ཞིག་འདུག་པར་ངོས་ཀྱིས་དེ་སྔ་བླ་མའི་ཆོས་ལུགས་ཞེས་པའི་ཞྭ་མོ་འདི་གྱོན་ནས་བསྡད་པ་ཡིན། ད་ཞྭ་མོ་འདི་ཕུད་ནས་དེང་གི་ཆར་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་ལེགས་བཤད་འདི་འཛིན་མཁན་ཆགས་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་ཡིན། དེ་རྗེས་ངོས་ཀྱིས་ཀྲོག་ཀྲོག་ལྟ་བུ་བྱས་ཏེ། དེ་སྔ་ང་ཚོར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རེད་ཅེས་འཆད་མཁན་མེད། ཇོ་བོ་རྗེའི་མཚན་དང། སོ་སོའི་བླ་རབས་ཚོ་བཤད་པ་མ་གཏོགས་མེད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མཚན་གོང་དུ་བཏེགས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རེད་ཅེས་པ་འདི་ཕལ་ཆེར་ངས་ཨུ་ཚུགས་བརྒྱབ་ནས་བཤད་པ་དེ་འདྲ་ཆགས་ཡོད། 

དེང་སྐབས་ཚན་རིག་པའི་ནང་ནས་མང་པོ་ཞིག་གིས་དཔལ་ནཱ་ལེནྡྲའི་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་དམིགས་བསལ་དོ་སྣང་བྱེད་ཡུལ་ཆགས་ཡོད། དེ་ལྟར་དོ་སྣང་བྱེད་དུས་སློབ་སྦྱོང་བྱེད་ས་བོད་པ་གཅིག་པུ་མ་གཏོགས་རྒྱ་གར་བ་སུ་གཅིག་ཡོད་པ་མ་རེད། ནཱ་ལེནྡྲ་གནས་ཧ་ཅང་རྩ་ཆེན་པོ་ཡིིན་པ་དེར་ཕྱིན་ན་ཕུག་རོན་ཁ་ཤས་ཕར་འཕུར་ཚུར་འཕུར་བྱེད་པ་ཙམ་ལས་གཞན་གང་ཡང་མི་འདུག། ད་དངོས་གནས་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་སེམས་ཁམས་རིག་པ་དང། ཚད་མ་རིག་པ། ལྟ་གྲུབ་སོགས་ཧ་ཅང་ཟབ་ཅིང་བརླིང་པོ་ཡོད་པ་དེ་དག་ང་ཚོ་བོད་པ་གཅིག་པུས་ཉར་ཚགས་བྱས་ཡོད། དེ་འགྲེལ་བཤད་རྒྱག་པ་ལ་ཡག་ཤོས་བོད་སྐད་རེད་འདུག། ངས་རྒྱ་གར་ཚོར་རྩེད་མོ་དང་སྦྲགས་ནས་སྔ་མོ་རྒྱ་གར་བ་ཚོ་ང་ཚོའི་དགེ་རྒན་རེད། ང་ཚོ་དགེ་ཕྲུག་རེད། དེང་སང་དགེ་ཕྲུག་མཁས་པ་ཆགས་ཡོད་པ་དང། སྔ་མོ་ལོ་རྒྱུས་ཐོག་གི་ང་ཚོའི་དགེ་རྒན་ཚོས་བར་ལམ་དོ་སྣང་མ་བྱས་སྟབས་དགེ་རྒན་ཚོས་གང་ཡང་ཤེས་ཀྱི་ཡོད་མ་རེད། ང་ཚོ་དགེ་ཕྲུག་གིས་རྒྱ་གར་མཁས་པའི་ཟབ་ཅིང་བརླིང་བའི་ལྟ་གྲུབ་རྒྱུན་འཛིན་བྱས་ཡོད་ཅེས་བཤད་ཀྱི་ཡོད། དེང་སྐབས་ངོས་རང་གི་སེམས་ནང་སྤོབས་པ་འདུག ཚན་རིག་པར་ཐུག་ནས་སྐད་ཆ་བཤད་དུས་རྒྱ་གར་མཁས་པའི་གཞུང་དཔེར་ན། སེམས་ཁམས་རིག་པ་ཡིན་ནའང་འདྲ། དངོས་ཁམས་རིག་པ་རྡུལ་ཕྲ་རབ་སྐོར་སོགས་བཤད་དགོས་བྱུང་ན་ང་ཚོ་བོད་པས་དངོས་གནས་ཞུམ་པ་མེད་པའི་ངང་སྐད་ཆ་ཤོད་ཐུབ་ཀྱི་ཡོད། ཤེས་སོང་ངམ། དེས་བོད་ལ་དོ་སྣང་བྱེད་པ་དེ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། རྒྱ་རིགས་ནང་དུའང་ཤུགས་ཆེ་རུ་འགྲོ་རྒྱུ་རེད། ཇི་ཙམ་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་ལ་དོ་སྣང་སླེབས་པ་དེ་ཙམ་གྱིས་བོད་ཀྱི་བདེན་དོན་མུ་མཐུད་གནས་རྒྱུ་རེད། དེ་སྔ་རྒྱ་ནག་གོང་མ་ཐང་གི་སྐབས་ནས་བཟུང་མན་ཇུའི་བར་གྱི་རྒྱ་ཡིག་ལོ་རྒྱུས་ནང་བོད་རྒྱ་ཁོངས་ཡིན་པ་གནས་ཚུལ་གསལ་གྱི་མི་འདུག་ཅེས་རྒྱ་རིགས་མཁས་པ་ཞིག་གིས་ངོས་ལ་བརྗོད་ཀྱི་འདུག ཡང་བར་སྐབས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཞིག་ནས་དེབ་གཅིག་བཏོན་པ་དེའི་ནང་དུས་རབས་བདུན་པ་བརྒྱད་པ་དགུ་པའི་སྐབས་ལ་རྒྱ་ནག་རྒྱལ་པོ་དང། བོད་ཀྱི་རྒྱལ་པོ། སོག་པོའི་རྒྱལ་པོ་ཞེས་འདྲ་མཉམ་ཅན་གྱི་རྒྱལ་ཁབ་གསུམ་ཞེས་ཡོངས་གྲགས་བྱས་ནས་བརྩི་བཞིན་འདུག རྒྱ་རིགས་མཁས་པ་དེས་གོ་མིན་ཏང་དང་གུང་ཁྲན་ཏང་གིས་བོད་རྒྱ་ཁོངས་ཡིན་པའི་རྒྱུ་མཚན་བཀོད་པ་དེ་དག་ནི་བོད་ཡིག་ལ་བརྟེན་ནས་བཤད་པ་ཡིིན་བརྗོད་ཀྱི་འདུག ང་ཚོ་བོད་པའི་བླ་ཆེན་དཔོན་ཆེན་ཚོས་སོ་སོའི་དབང་ཆ་དང་སོ་སོ་ལ་མིང་ཐོབ་རྒྱུར་རྒྱ་ནག་གོང་མར་སྤྲེལ་ལད་འདྲ་མིན་འཁྲབ་པ་དེ་འདྲའི་ཐོག་ནས་རྒྱ་ནག་གོང་མའི་ཆབ་འབངས་ཡིན་པའི་རྣམ་པ་འདྲ་པོ། ཡང་བོད་ལ་དཀའ་ངལ་འདྲ་འཕྲད་པའི་སྐབས་ལ་མན་ཇུ་གོང་མར་སྙན་སེང་ཞུས་ཏེ་མན་ཇུ་གོང་མས་ཁྲིམས་ཞིབ་པ་དེ་འདྲ་བཏང་བ། དཔེར་ན། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་ང་ལུམ་སྦྱར་གསུམ་དང། དཔོན་པོ་མི་དབང་བར་རྙོག་དྲ་ཡོང་སྐབས་རྒྱ་ནག་གི་ཁྲིམས་དཔོན་དེ་འདྲ་སྐད་བཏང་ནས་མཐའ་མ་ང་ལུམ་སྦྱར་གསུམ་དམར་གསོད་བཏང་ཡོད་པ་རེད། ང་ཚོ་བོད་པ་ཚོས་རྒྱ་ནག་གོང་མ་ཞེས་ངོམ་སོ་ལྟ་བུ་བྱས་ནས་ང་ཚོས་ཡག་པོ་མ་བྱས་ན་རྒྱ་ནག་གོང་མའི་ཁྲིམས་འཕོག་གི་རེད་ཅེས་ང་ཚོས་དགའ་བཞིན་སྤྲོ་བཞིན་དུ་རྒྱ་ནག་གོང་མའི་ཆབ་འབངས་ནང་འཛུལ་བའི་བཟོ་འདྲ་པོ་དེ་ཚོ་ང་ཚོ་བོད་པས་བྱབ་བསྐྱལ་ཡོད། ཆོས་རྒྱལ་གོང་མ་ཚོའི་སྐབས་ལ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་གྱུར་བྱས་ནས་བསྡད་ཡོད། བོད་ཀྱི་སྟོབས་ཤུགས་ཀྱང་སོག་པོའི་རྒྱལ་པོའི་སྟོབས་ཤུགས་དང། རྒྱ་ནག་རྒྱལ་པོའི་སྟོབས་ཤུགས་དང་འདྲ་མཉམ་བྱས་ནས་བསྡད་ཡོད། དེ་ནས་བོད་སིལ་བུར་ཆགས་ཏེ་བོད་དུམ་བུར་ཕྱིན། དཔེར་ན། ང་ཚོའི་ལུང་པར་ཆ་མཚོན་ན་ཟི་ལིང་དང། ཧི་ནན་ཚོར་བོད་གཞུང་རྒྱུས་མངའ་རྩ་བ་ནས་མེད། ངོས་ཀྱི་ཨ་མ་ལགས་སུ་ང་ཚོའི་དཔོན་པོ་སུ་རེད་ཅེས་སྐད་ཆ་དྲིས་ན་ཟི་ལིང་དཔོན་པོ་རྨ་སྤུ་ཧྥང་རེད་ཕལ་ཆེར་གསུང་གི་རེད། བོད་ཁ་བྲལ་ལ་ཕྱིན་ནས་དེ་ལྟར་བསྡད་པ་རེད། ཆབ་སྲིད་ཀྱི་ཐོག་ནས་བོད་ཁ་བྲལ་ཕྱིན་ཡོད་ཀྱང་བོད་གངས་ཅན་པ་ཞེས་རྡོག་ཏུ་བསྒྲིལ་བ་དེ་བོད་ཀྱི་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དག་གིས་བཟུང་བསྡད་པ་དང།  སངས་རྒྱས་ཀྱི་ཆོས་ཀྱིས་བཟུང་ནས་བསྡད་ཡོད། བོད་དུ་སངས་རྒྱས་ཀྱི་བསྟན་པ་ལྟ་སྒོམ་སྤྱོད་གསུམ་གང་གི་ཐོག་ནས་འགྲན་ཟླ་བྲལ་བ་འཛིན་མཁན་བོད་ཀྱི་མཁས་པ་མང་ཆེ་བ་མདོ་སྟོད་སྨད་གཉིས་ནས་བྱུང་ཡོད། དབུས་གཙང་ཕྲན་བུ་ཉུང་ཉུང་རེད། ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་བྲོས་བྱོལ་ཡོང་བའི་སྐབས་གྲྭ་སའི་མཁན་པོ་མང་ཆེ་བ་ཁམས་པ་དང་ཨ་མདོ་རེད། དེར་བརྟེན་བོད་ཀྱི་སངས་རྒྱས་ཀྱི་ཆོས་འཛིན་མཁན་གཙོ་བོ་ཤུགས་ཆེ་བ་མདོ་སྟོད་སྨད་ནས་བྱུང་འདུག ཁོང་ཚོ་ཕ་ཡུལ་ཐག་རིང་པོ་ནས་ཡོང། དཔེ་ཆ་ལ་བློ་རྩེ་བསྒྲིམས་ནས་བསྡད་པ་ཕལ་ཆེར་རེད། དབུས་གཙང་ཁུལ་གྱི་མི་ཚོ་སོ་སོའི་ནང་ཐག་ཉེ་པོ་ཡིན་དུས་བར་གསེང་ཡོད་ཚད་ལ་ནང་དུ་འཁྱམས་ནས་འགྲོ་བཞིན་མེད་དམ། གང་ལྟར་དབུས་པའི་དགེ་བཤེས་ཉུང་ཉུང་རེད། སྒོ་མང་མཁན་པོ་གནང་མྱོང་མཁན་བཀྲ་ཤིས་འཁྱིལ་ནས་ཡིན་པའི་འཇམ་དབྱངས་ཡེ་ཤེས་དཔེ་ཆ་ཧ་ཅང་ཡག་པོ་ཡོད། རྟགས་གསལ་གཏོང་སྐབས་འགྱིང་སྟབས་གཞན་དང་མི་འདྲ་བ་ཞིག་བྱེད་རྒྱུ་ཡོད། ཁོང་གིས་ངོས་ལ། བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་བ་ཡིན་པས་ཁྱབ། ཅེས་གསུང་མྱོང་།  ཁམས་པ་དང་དབུས་གཙང་གི་སྐད་ཆ་གང་ཡང་མེད། (ཅེས་ཞལ་ཤོབ་མཛད།) ཨ་མདོར་ངོམ་རྒྱུ་གཙོ་བོ་རྗེ་ཙོང་ཁ་པ་ཆེན་པོ་ཡོད།   

    གང་ལྟར་ང་ཚོ་བོད་ཀྱི་རིག་གཞུང་འཛིན་མཁན་གཙོ་བོ་ནི་ཆོལ་ཁ་གསུམ་དབྱེ་བ་མེད་པ་ཐོག་ནས་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེའི་ཐོག་ནས་གང་ལྟར་སྐད་ཀྱི་སྒྲ་གདངས་མི་འདྲ་བ་ཡོད་ཀྱང་། བཀའ་འགྱུར་བསྟན་འགྱུར་ཡི་གེ་དེས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་གྱུར་བྱས་ནས་གནས་ཡོད། ཆོལ་ཁ་གསུམ་ཙམ་དུ་མ་ཟད། ནུབ་ལ་དྭགས་ནས་ཤར་མོན་ཡུལ་བར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་གཅིག་གྱུར་བྱས་ནས་འཛིན་བཞིན་ཡོད། དེའི་ནང་གི་བརྗོད་བྱ་དེའང་བོད་མི་རིགས་ཀྱི་ཆེ་མཐོང་ལ་རྒྱ་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་ཡོང་གི་ཡོད།

    དེ་འདྲའི་བསམ་བློ་གཏོང་སྐབས་ང་ཚོ་བོད་པ་ཡིན་པའི་ངོས་ནས་སྤོབས་པ་སྐྱེ་དགོས་པ་ཞིག་འདུག ཕྱི་ལོ་ ༡༩༥༦ ལོར་རཱ་ཇེནྡྲ་པྲ་སཱད་ Dr. Rajendra Prasad མཆོག་རྒྱ་གར་གྱི་སྲིད་འཛིན་རེད། ཧ་ལས་པའི་དད་མོས་སྐྱེ་དགོས་པ་ཞིག་ཡོད།  སྲིད་འཛིན་གཞོན་པ་རཱ་དཱ་ཀྲིཤཎ་ Dr. Sarvepalli Radhakrishnan  མཆོག་ལ་མཚོན་ནའང་མཁས་པའི་དབང་པོ་རེད། ཕྱི་ལོ་ ༡༩༥༦ ནས་ངོ་ཤེས་ཡིན།  ཕྱི་ལོ་ ༡༩༥༩ ལོར་ཡིན་པ་ཡོད། ཉིན་གཅིག་མཇལ་འཕྲད་སྐབས་ཁོང་གིས་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལེགས་སྦྱར་ཐོག་སྐྱོར་གནང་སོང། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཞེས་ལེགས་སྦྱར་སྐད་ནང་ཉམས་དང་ལྡན་པའི་ཐོག་ནས་གསུང་བྱུང་། སྐབས་དེར་ལེགས་སྦྱར་སྐད་ནང་གསུངས་པ་དེར་ངོས་རང་ཡིད་སྨོན་སྐྱེས་བྱུང་། འོན་ཀྱང་ངོས་ཀྱི་བསམ་བློའི་ནང་དོན་དག་ཐོག་ཁོང་ལས་ངོས་ཀྱིས་ཡག་པ་ཤེས་ཀྱི་ཡོད་དྲན་བྱུང་། (ཞལ་ཤོབ་མཛད།) ང་ཚོས་སྦྱངས་ཡོད། ལོ་ནས་ལོ་བསྟུད་འགྲེལ་པ་དང་ཡང་འགྲེལ་སོགས་མང་པོ་བལྟས་ནས་སྦྱངས་ཡོད། ཁོང་གིས་ལེགས་སྦྱར་གྱི་ཚིག་མཁྱེན་པ་མ་གཏོགས་དོན་དག་དེ་ཙམ་སྦྱངས་མེད་པ་རེད། དེར་བརྟེན་སེམས་གཏིང་ལ་དོན་དག་ངས་ཡག་པ་ཤེས་ཀྱི་རེད་དྲན་བྱུང། དེའི་ཐད་བོད་མི་རིགས་སྤོབས་པ་བྱེད་ཆོག་པ་ཞིག་རེད།

    ཚན་རིག་པ་དང་ཐུག་སྟེ་སེམས་ཁམས་རིག་པའི་ཐོག་བཤད་པ་ཡིན་ན་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ཧ་ཅང་ཚད་དམའ་པོ་རེད། དེར་བརྟེན་ལོ་སྟོང་ཕྲག་རིང་མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་ང་ཚོར་ཞེ་ས་མ་ཞུས་ན་ཐུགས་བློས་འགེལ་གནང་བ་དེ་ང་ཚོ་བོད་པས་ཀོ་ཐག་རྩ་བ་ནས་གློད་མེད། འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན། བོད་མི་རིགས་གཅིག་གྱུར་ཡོང་བ་དེ་ཡང་འདིའི་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད། ཆོལ་ཁ་གསུམ་ཡོངས་རྫོགས་ཆབ་སྲིད་ཐོག་ཁ་བྲལ་དུམ་བུར་ཕྱིན་ཀྱང་། ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཐོག་གཅིག་གྱུར་བྱས་ནས་བསྡད་པ་རེད། མ་འོངས་པར་ཡིན་ནའང་སངས་རྒྱས་ཀྱི་ཆོས་ལ་ཆོས་ཕྱོགས་ཀྱི་དད་པ་དང་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར་ལྟ་གྲུབ་རིག་པ་དང། སེམས་ཁམས་རིག་པ། ཚད་མ་རིག་པ་དེ་དག་འཛམ་བུ་གླིང་གི་ཚད་མཐོའི་ཤེས་ཡོན་གྱི་ནང་དུ་འགྲོ་ཐུབ་པ་ཞིག་ཏན་ཏན་ཆགས་ཡོད། ལྷག་པར་རྒྱ་གར་ནང་དེ་བས་ཀྱང་ཡིན། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་གནས་ཀྱི་རེད། རྒྱ་རིགས་ནང་ལ་ཡིན་ནའང་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བཞིན་འདུག ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་གི་མཚན་མཐོང་གོང་ནས་གོང་དུ་འཕེལ་བ་དེ་ཙམ་གྱིས་བོད་མི་རིགས་ཀྱི་སྤོབས་པ་ཆེ་རུ་འགྲོ་རྒྱུ་རེད། བོད་ནང་ལ་ཡོད་པའི་བོད་རྒྱ་ཆེ་མི་མང་གི་སེམས་ནང་སྤོབས་པ་སླེབས་པ་ཞིག་ཡོང་རྒྱུ་རེད། མདོ་དོན་སྙིང་པོ་འདི་དག་གིས་དུས་རབས་ཉི་ཤུ་པ་དང། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་སུ་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་སྒྲུབ་མཁན་ཁྱེད་རང་ཚོ་དངོས་གནས་མི་ཚེ་དོན་དང་ལྡན་པ་ཞིག་དང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཞབས་འདེགས་བསྒྲུབས་པ་ཞིག་ཡིན་པས་བསོད་ནམས་དཔག་ཏུ་མེད་པ་བསགས་ཡོད། དེར་བརྟེན་ཚེ་རབས་ནས་ཚེ་རབས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་དང། ཡང་སྒོས་ལྷག་པར་ཅན་དུ་བོད་གངས་ཅན་གྱི་ལྗོངས་སུ་ཕལ་ཆེར་སྐྱེ་བ་ཞིག་དང། འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་ཞིག་ཏན་ཏན་ཡོང་གི་རེད། སེམས་སྐྱིད་པོ་བྱས་ནས་སྡོད་ཨང། ཤེས་སོང་ངམ། ད་མི་ཚེ་རྒས་སོང་མགོ་ཡང་དཀར་པོ་དང་དམར་པོ་ཆགས། ད་གང་ཡང་བྱུང་མ་སོང་བསམ་པའི་བསམ་བློ་རྩ་ནས་གཏོང་དགོས་མ་རེད། ཤེས་སོང་ངམ། མགོ་དམར་རུ་དམར་རུ་ཕྱིན་ན་འོད་ཆེ་རུ་ཆེ་རུ་འགྲོ་ཞིང། དགེ་བ་བསྔོ་རྒྱུ་གལ་ཆེན་པོ་རེད། དགེ་བ་དེ་ཡང་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ཤོག་ཅེས་བསྔོ་བ་བྱེད་པ་དེ་ཡག་པོ་རེད་ཀྱང་སྔོན་ལ་བོད་མི་རིགས་སུ་མུ་མཐུད་སྐྱེས་ནས་དལ་འབྱོར་གྱི་རྟེན་བཟང་རིམ་པར་བརྒྱུད་དེ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་བསྔོ་བ་དང་སྨོན་ལམ་བྱས་ན་ཡག་པོ་ཡོད། ཤེས་སོང་ངམ། མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌། །ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི །བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག།།དེ་ག་ཡིན། བློ་བདེ་པོ་བྱས་བཞུགས་ཨང། ཞེས་སོགས་བཀའ་སློབ་སྩལ།།