དབུ་མའི་ལམ་གྱི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

མདུན་ངོས། / དབུ་མའི་ལམ་གྱི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་ཐེངས་དང་པོར་ཕེབས་པའི་ཚོགས་མི་རྣམས་དང་། གཞན་ཡང་། བོད་ནས་ཕེབས་མཁན་དང་རྒྱ་གར་བ། ནུབ་གླིང་བ་སོགས་ཁྱོད་མི་གྲངས་ཆིག་སྟོང་ཙམ་ལ་དབུ་མའི་ལམ་གྱི་བྱུང་རིམ་དང་གལ་གནད་བཅས་ཀྱི་སྐོར་ལ་བཀའ་སློབ་སྩལ་ཡོད་པ་རེད།  


དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དབུ་མའི་ལམ་གྱི་ཚོགས་ཆེན་ལ་ཞུགས་ཡོད་པའི་མི་མང་ཚོ་ཁག་ཚོ་ཁག་མཉམ་སྐུ་པར་ལྷན་སྒྲོན་གནང་བ་དང་། དེ་ནས་གཙུག་ལག་ཁང་དུ་མཆོད་མཇལ་མཛད་རྗེས་བཞུགས་སྟེགས་སུ་༸ཞབས་སོར་འཁོད་མཚམས་འབྲེལ་ཡོད་ནས་དབུ་མའི་ལམ་གྱི་ཚོགས་ཆེན་ཐེངས་དང་པོར་བཅར་བའི་ཚོགས་བཅར་བའི་གྲངས་དང་ཉིན་ཤས་རིང་གི་ཚོགས་འདུའི་མཐོང་ཚུལ་བཅས་ཀྱི་ཞུ་སྙན་གཟིགས་འབུལ་ཞུས་པ་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་འདིར་ཕྱོགས་གཅིག་ནས་བོད་ནས་ཚུར་ཡོང་བསྡད་པ་དང་། གཡས་གཡོན་ནས་མཇལ་ཁར་ཡོང་བའི་བོད་མི་གང་འཚམ་ཞིག་ཀྱང་སླེབས་ཡོད་པ་རེད། དེ་བཞིན་དབུ་མའི་ལམ་གྱི་སྐོར་ལ་ཚོགས་ཆེན་འཚོགས་པའི་ཚོགས་མི་ཚོར་ཡང་དེ་རིང་ཐུག་རྒྱུ་བཅས་རེད། གང་ལྟར་དབུ་མའི་ལམ་ཟེར་བ་ནི་ངོས་ཀྱིས་ཐོག་མ་གསར་གཏོད་བྱས་པ་རེད། དེར་བརྟེན་ངོས་ཀྱིས་དེ་ལ་འགྲེལ་བཤད་རྒྱག་དགོས་པ་གནད་འགག་ཅིག་ཆགས་ཀྱི་འདུག སྤྱི་ཡོངས་ཀྱི་ལོ་རྒྱུས་ཤིག་བཤད་པ་ཡིན་ན།  ཕྱི་ལོ་ ༡༩༥༠ ལོར་ལྷ་ས་ནས་གྲོ་མོ་བར་དུ་སྤོས་ཕྱིན་པ་རེད། གྲོ་མོར་སླེབས་དུས་འབྲས་སྤྱི་བློན་ཆེན་ལ་ཕར་རྒྱབ་ཚུར་རྒྱབ་བྱས་ཏེ་ཐག་ཉེ་བོ་ཆགས་བསྡད་ཡོད་པ་རེད། དེ་སྔོན་འབྲས་སྤྱི་བློན་ཆེན་ལྷ་སར་ཡོང་གི་ཡོད་པ་རེད།  ཕལ་ཆེར་ཨ་པཱ་པན་ཌི་( Apa Pant) ཟེར་བ་དེ་ཡིན་པ་ཡོད། གྲོ་མོར་སླེབས་དུས་འབྲས་སྤྱི་བློན་ཆེན་ཡོང་གི་རེད་བསམ་ཀྱང་ཡོང་ཡོད་པ་མ་རེད། དེས་རྣམ་འགྱུར་ག་རེ་བསྟན་པ་རེད་ཅེ་ན་རྒྱ་གར་གཞུང་གིས་དོགས་ཟོན་གནང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེ་ནས་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་སླེབས་པ་དང་བཅུ་བའི་ཚེས་གཅིག་གི་དུས་ཆེན་ཟེར་བ་དེ་ལ་ནེ་རུ་རྒྱ་ནག་གཞུང་གི་སྐུ་མགྲོན་བྱས་ཏེ་ཕེབས་འདུག ངོས་རང་ནེ་རུ་ལ་དང་པོ་པེ་ཅིང་ནས་མཇལ་བ་རེད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་ལ་ངོས་རང་རྒྱ་གར་དུ་སླེབས་ནས་ནེ་རུ་མཉམ་དུ་ཐེངས་མང་པོར་མཇལ་འཕྲད་བྱས་ཏེ་བཀའ་མོལ་མང་པོ་ཞུས་པ་རེད། སྐབས་དེར་ངོས་ཀྱི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་རྒྱ་ལོ་དོན་གྲུབ། དེ་དུས་འདིར་ཡོད་པའི་ཞྭ་སྒབ་པ། མཁན་ཆུང་བློ་བཟང་རྒྱལ་མཚན་བཅས་གཅེན་མཁན་རྩིས་གསུམ་ཁོ་རང་ཚོས་མཐའ་གཅིག་ཏུ་ཨུ་ཚུགས་སྐྱོན་ཏེ་འདིར་བསྡད་ན་ཡག་གི་རེད་ཟེར། དེ་དུས་ཕྱི་ལོ་ ༡༩༥༦ ལོ་མགོ་ནས་ལི་ཐང་ཁུལ་དུ་ཟ་ངེ་ཟིང་ངེ་བྱས་ཏེ་བོད་ནང་ལ་དྲག་གནོན་བྱེད་རྒྱུ་ཞིག་འགོ་བཙུགས་ཚར་བ་རེད། དེའི་རྗེས་ངོས་རང་རྒྱ་གར་ལ་ཡོད་པའི་སྐབས་སུ་གཡུ་ཐོག་ས་དབང་ཆེན་མོ་དང་དྲུང་ཡིག་ཆེན་མོ་ཡིན་པ་ཡོད་ཁོང་གཉིས་བོད་ནས་ཕེབས་ཏེ་ངོས་རང་ཕྱི་ལྟར་གདན་ཞུ་དང་ནང་ལྟར་ཚུར་བོད་ལ་མ་ཡོང་རོགས་ཟེར་གྱི་འདུག བོད་ནང་གནས་ཚུལ་ཡག་པོ་ཁྱོན་ནས་མི་འདུག རྒྱ་གར་ལ་བཞུགས་ན་ཡག་པོ་འདུག བོད་ལ་ཚུར་ཆིབས་བསྒྱུར་གནང་བ་ཡིན་ན་ཟ་ངེ་ཟིང་ངེ་སྡུག་རུ་འགྲོ་བཞིན་འདུག རྒྱ་མིས་ཀྱང་མཐའ་གཅིག་ཏུ་དྲག་གནོན་བྱས་ཏེ་ཁྱོན་ནས་ཡག་པོ་མི་འདུག་ཅེས་ཁོ་རང་གསུམ་གྱིས་ནང་དོན་ཕར་བོད་ལ་མ་ཡོང་རོགས་གསུངས་ཀྱི་འདུག 

དེ་ལྟར་ནེ་རུ་ལ་བོད་ནང་གི་གནས་ཚུལ་ཞིབ་ཕྲ་ཞུས་ཏེ་བོད་ལ་ཕར་ལོག་གི་མིན་རྒྱ་གར་ལ་བསྡད་དེ་འདི་ནས་བོད་ཀྱི་ཐོབ་ཐང་རྩོད་རྒྱུ་སོགས་བྱེད་པ་ལས་བོད་ལ་ཕར་ལོག་ནས་བྱེད་རྒྱུ་གང་ཡང་མི་འདུག་ཅེས་ཚར་མང་པོ་ཞུས་པ་རེད། ནེ་རུས་རྒྱ་གར་ལ་བསྡད་ནས་བོད་ཀྱི་བདེན་དོན་སྒྲུབ་རྒྱུ་ནི་ཧ་ཅང་ཁག་པོ་རེད། བོད་ལ་ཕར་ལོག་ན་ཡག་གི་རེད་ཅེས་ནེ་རུས་དམིགས་བསལ་གྱིས་ཐུགས་ཁུར་བཞེས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཡིག་ཆ་ངོ་བཤུས་ཤིག་ཕྱག་ལ་བསྣམས་ཏེ་ཕེབས་སོང་། དེ་དུས་ངོས་རང་ Hyderadad house ལ་སྡོད་ཀྱི་ཡོད། ནེ་རུ་ཆེད་མངགས་ངོས་རང་ཡོད་སར་ཕེབས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་ཁ་ཤས་ཤིག་ལ་རྟགས་སྐྱོན་ནས་དོན་ཚན་འདིའི་ཐོག་ནས་བོད་རང་གི་ནང་ནས་རྒྱ་མི་ལ་སྐད་ཆ་བཤད་དེ་ཐབས་ཤེས་བྱས་པ་ཡིན་ན་རེ་བ་ཡོད་པ་རེད། རྒྱ་གར་ལ་བསྡད་ནས་རྒྱ་མི་ལ་ངོ་རྒོལ་བྱས་ཏེ་བསྡད་པ་ཡིན་ན་དོན་དག་ཡོང་ཐུབ་ཀི་མ་རེད། མཐའ་གཅིག་ཏུ་བོད་ལ་ལོག་ན་ཡག་གི་རེད་ཅེས་དཔལ་ལྡན་ནེ་རུས་གསུངས་སོང་། ངོས་རང་གིས་བརྟག་དཔྱད་བྱེད་བྱས་པ་ཡིན་ཡང་། མཐའ་མ་ཕྱི་ལོ་ ༡༩༥༧ ལོ་འགོར་ཕར་ལོག་པ་རེད། ཕར་སླེབས་དུས་ཕྱི་ལོ་ ༡༩༥༦ ལོར་ཁམས་ཁུལ་ནས་ཟང་ཟིང་བྱུང་བ་དེ་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་ཁུལ་དུའང་ཤུགས་ཆེ་རུ་ཕྱིན་པ་རེད། དེ་ལྟར་འབྲི་ཆུ་ནུབ་རྒྱུད་དུ་ཟ་ངེ་ཟིང་ངེ་འགོ་ཚུགས་པ་རེད། 

དེ་ནས་ངོས་རང་ཕར་ལོག་ནས་གོ་ཆོད་པ་གང་བྱུང་བ་རེད་ཟེར་ན་གྲྭ་སྐོར་བཞག་རྒྱུ་དེ་བྱུང་བ་རེད། ཕར་སླེབས་པ་དང་དྲུང་ཡིག་ཆེན་མོ་འབུམ་ཐང་གིས་ངོས་ལ་རེ་འདུན་བཏོན་པ་དྲན་གྱི་འདུག གྲྭ་སྐོར་ལྷ་རམས་དམ་བཅའ་བཞེས་རྒྱུ་དེ་གང་མགྱོགས་མགྱོགས་གནང་ཐུབ་ན་ཡག་པོ་འདུག་ཅེས་ཕྱི་ལོ་ ༡༩༥༨ ལོར་སེ་འབྲས་ཚོར་གྲྭ་སྐོར་ལ་འགྲོ་བ་དང་། ཕྱི་ལོ་ ༡༩༥༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་བྱེད་རྒྱུ་གཏན་འཁེལ་བ་རེད། དེ་ཧ་ཅང་ཡག་པོ་བྱུང་འདུག དེང་སང་ངོས་རང་ལྷ་རམས་པ་ཡིན་ཞེས་བཤད་ཀྱི་ཡོད། ལྷ་སར་ལྷ་རམས་དམ་བཅའ་འཇོག་སྐབས་རྒྱལ་མཚན་དཀར་པོ་ཞིག་ཡོད་པ་རེད།  ང་རྒྱལ་མཚན་དཀར་པོའི་འོག་ལ་བསྡད་པ་ཡིན་ཞེས་ལྷ་རམས་པ་ཚོར་བཤད་སྲོལ་ཡོད་པ་རེད། ངོས་རང་ཡང་རྒྱལ་མཚན་དཀར་པོའི་འོག་ལ་ལྷ་རམས་དམ་བཅའ་བཞག་པ་རེད། རྟགས་གསལ་གཏོང་མཁན་དགེ་བཤེས་ལགས་ཚོས་ངོས་ལ་དད་པ་དང་གུས་ཞབས་ཡོད་པ་རེད། རྫིག་པོ་འབྱེད་པ་མ་གཏོགས་ངོས་ལ་བཟོ་སྟ་བཟོ་ཆེད་རྟགས་གསལ་གཏོང་གི་མ་རེད། བཟོ་སྟ་བཟོ་རྒྱུ་བྱས་ནས་ངོས་རང་ཕལ་ཆེར་ཁག་པོ་བྱེད་ཀྱི་རེད། ཁོང་ཚོ་དགེ་བཤེས་དྲག་གྲས་ཀྱིས་རྟགས་གསལ་གཏོང་སྐབས་དོན་དག་ངོས་རང་རྒྱུས་ཡོད་པ་དེ་འདྲའི་དཀའ་གནད་ཁག་སྒྲིག་ནས་རྟགས་གསལ་བཏང་ཡོང་སྐབས་ངོས་ཀྱིས་ཚོད་མ་ཐིག་པར་རྟགས་གསལ་གཏོང་མཁན་གྱི་གདོང་ལ་བལྟ་བཞིན་བལྟ་བཞིན་ལན་བརྒྱབ་ཡོད། ཁོང་ཚོས་བསམ་ནག་བྱེད་ཀྱི་མ་རེད། དེ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་བཞག་པ་རེད། གང་ལྟར་ངོས་ཀྱི་མི་ཚེ་གཅིག་གི་དོན་དག་གལ་ཆེ་བ་གཅིག་ཆགས་བསྡད་ཡོད་པ་རེད། ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་འཇོག་པའི་སྐབས་སུ་ཐ་ན་གསུང་ཆོས་ར་བར་ཞོགས་པའི་དམ་བཅའ་འཇོག་པའི་སྐབས་སུ་དེའི་མདུན་དུ་བསམ་འགྲུབ་ཕོ་བྲང་ཡིན་ནམ་ཅིག་ཡོད་པ་རེད། དེའི་ནང་དུ་རྒྱ་མི་བསྡད་ཡོད་པ་རེད། ཚུར་མེ་མདའ་བརྒྱབ་མི་ཡོང་ངམ་བསམ་པའི་ཞེད་སྣང་བྱས་ཏེ་བོད་དམག་ཁ་ཤས་ཀྱིས་དེའི་ཁ་སྤྲོད་ཀྱི་ཐོག་ཁའི་སྒང་དུ་མེ་མདའ་སྦི་རན་ཁན་བཙུགས་ནས་ངོས་ཀྱི་གྲྭ་སྐོར་དམ་བཅའ་དེ་ལྟ་བུའི་ཛ་དྲག་ཅིག་གི་འོག་ནས་བཞག་པ་རེད། དེ་ནས་ཟླ་བ་དང་པོའི་སྨོན་ལམ་དང་རིང་པོར་མ་ཐོགས་པར་ཟླ་གསུམ་པའི་གནས་ཚུལ་དེ་བྱུང་བ་རེད། ཅེས་ལྷ་ས་ནས་ཐབས་ཤེས་གང་ཡོང་བྱས་པ་དང་། ཐན་ཀོན་སན་གྱིས་བཟོད་པ་ལ་མཐའ་ཡོད་པ་རེད་ཅེས་དྲག་གནོན་བྱ་རྒྱུའི་བརྡ་བྱུང་བའི་སྐོར། མཐར་བཙན་བྱོལ་དུ་ཕེབས་པའི་རྒྱུད་རིམ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་གནས་ཚུལ་ཞུ་ཆེད་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་དང་ཞྭ་སྒབ་པ་གཉིས་སྐུ་ཚབ་བྱས་ཏེ་སྔ་རྗེས་ཐེངས་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་ནས་གྲོས་ཆོད་ཐེངས་གསུམ་བྱུང་བའི་སྐོར་དང་། ཕྱི་ལོ་ ༡༩༧༤ ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རབས་དང་། ཕྱི་ལོ་ ༡༩༧༨ གྱི་ལོ་མཇུག་ཙམ་ལ་ཏིན་ཞོ་ཕིན་གྱིས་ཧོང་ཀོང་དུ་ཡོད་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ལ་ཐུག་འཕྲད་ཞུ་དགོས་སྐོར་ལན་བསྐུར་བ་དང་།  པེ་ཅིང་དུ་ཏིན་ཞོ་ཕིན་སྐུ་གཅེན་པོ་རྒྱལ་དོན་གྲུབ་དང་ལྷན་ཆུ་ཚོད་གཅིག་གཉིས་རིང་བཀའ་མོལ་གནང་སྐབས་ཏིན་ཞོ་ཕིན་གྱིས་རང་བཙན་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། གཞན་ག་རེ་ཡིན་ནའང་ང་ཚོས་སྐད་ཆ་བཤད་ཆོག་གི་རེད། ཅེས་སོགས་སྐད་ཆ་བྱུང་བའི་སྐོར་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་མཐར་ཆོལ་ཁ་དང་ཆོས་བརྒྱུད་ཕན་ཚུན་མཐུན་འབྲེལ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་བསམ་ཚུལ་མ་མཐུན་པ་ཕན་ཚུན་དབར་དུའང་མཐུན་འབྲེལ་བྱེད་དགོས་པ་དང་། འཐེན་འཁྱེར་བྱེད་མི་རུང་བའི་ལམ་སྟོན་ཟབ་རྒྱས་དང་བཅས་མཇལ་ཁ་དང་བཀའ་སློབ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།

 

བཀའ་སློབ་དངོས་ལ་འདི་ནས་གསན་གཟིགས་གནང་རོགས།