རྡ་རམ་ས་ལར་གཞོན་སྐྱེས་རྣམས་ལ་ཆོས་འབྲེལ་དབུ་འཛུགས་མཛད་པ། 

མདུན་ངོས། / རྡ་རམ་ས་ལར་གཞོན་སྐྱེས་རྣམས་ལ་ཆོས་འབྲེལ་དབུ་འཛུགས་མཛད་པ། 

༄༅།། ཕྱི་ལོ་༢༠༡༨ ཟླ་ ༦ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་ཁབ་ཁག་ ༦༥ ནས་ཕེབས་པའི་སློབ་ཕྲུག་གཙོས་སེར་སྐྱ་མི་མང་༩༠༠༠ བརྒལ་བར་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གནང་སྟེ། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འབྲེལ་ཡོད་ནས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ནང་ཆོས་སློབ་གཉེར་བ་ཁག་ཅིག་གིས་སྔ་ཕྱིར་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། དེ་རྗེས་གང་གིས་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པའི།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུངས་འདོན་དང་འབྲེལ་བཀའ་སློབ་སྩལ་དོན། 

འདས་པའི་ལོ་ཁ་ཤས་རིང་ལ་སློབ་ཕྲུག་ཚོ་གཙོ་བོར་དམིགས་པ་དང་། དུས་ཚོད་དེ་ཡང་སློབ་གྲྭའི་གུང་སེང་དང་བསྟུན་ནས་ཡོང་བཞིན་ཡོད་པས་དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་ནི་ང་ཚོའི་བོད་རིགས་སློབ་ཕྲུག་ཕོ་མོ་ཚོ་ཆགས་བསྡད་ཡོད། དེ་དང་ཆབས་ཅིག་དེ་རིང་འདིར་ཐའེ་ལན་ནས་དགེ་འདུན་པ་མང་དག་ཅིག་ཕེབས་འདུག ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ཡུལ་ཝ་ར་ན་སི་ལ་གསུངས་དང་། པ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་རྨང་གཞི་ནི་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ལམ་འདིའི་ཐོག་ནས་ཡོང་གི་ཡོད། དེ་ནས་ཆོས་འཁོར་གཉིས་པ་ཤེར་ཕྱིན་གྱི་མདོ་བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་རེད། དེ་ནི་ལེགས་སྦྱར་གྱི་གཞུང་གི་ཐོག་ལ་ཡོད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་འཕགས་པ་གནས་བརྟན་པའི་སྡེ་བ་པ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་བསླབ་པ་རྒན་པ་ཆགས་ཡོད། ཁྱོད་རང་ཚོ་ཚང་མར་གུས་འདུད་ཞུ་བཞིན་ཡོད། 

འདུལ་བའི་ཉམས་ལེན་སྡེ་བ་ཐ་དད་ཡིན་པས་འཕགས་པ་གནས་བརྟན་པས་སོ་སོར་ཐར་བའི་མདོ་དེ་པ་ལིའི་སྐད་ཀྱི་ཐོག་གསུང་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་སུ་སོ་སོར་ཐར་བའི་མདོའི་རྩ་བ་ལེགས་སྦྱར་གྱི་ནང་དུ་ཡོད་པ་དང་། དེའི་འགྲེལ་བ་གཙོ་བོ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་དག་ལེགས་སྦྱར་གྱི་གཞུང་གི་ནང་དུ་ཡོད། སྡེ་བ་ཐ་དད་བྱས་ཏེ་ལྟུང་བའི་གྲངས་མང་ཉུང་ལ་ཕྲན་བུ་ཁྱད་པར་ཡོད་པ་རེད། གཙོ་ཆེ་ཤོས་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ་རེད། པ་ལིའི་གཞུང་གི་ནང་དུ་འབའ་ཞིག་པ་དགུ་བཅུ་གོ་གཉིས་ཡིན་པ་ཡོད། དེ་ནས་སོར་བཤགས་བཞི། ལེགས་སྦྱར་གྱི་གཞུང་གི་ནང་དུ་ཉེ་བྱས་བརྒྱ་དང་བཅུ་གཉིས་ཟེར་གྱི་ཡོད་པ་རེད། པ་ལིའི་གཞུང་གི་ནང་དུ་ཕལ་ཆེར་བདུན་ཅུ་དོན་ལྔ་ཡིན་པ་ཡོད། དེ་དག་ཞེ་ས་མ་ཞུས་ན་ཆུང་ཙག་དང་། ཞིབ་ཚགས་མིན་གྱི་ཁྱད་རེད་འདུག དཔེར་ན།  པ་ལིའི་གཞུང་ནང་ལ་ཤམ་ཐབས་ཟླུམ་པོར་བགོ་པར་བྱའོ་ཞེས་ཕལ་ཆེར་ཚིག་གཅིག་རེད། ཉེས་བྱས་བགྲངས་ཡོང་དུས་ཤམ་ཐབས་ལ་བསྟན་པ་གཅིག ལེགས་སྦྱར་གཞུང་ལ། ཤམ་ཐབས་ལ་བསྟན་རྣམ་བདུན་དང་།། སྟོད་གཡོག་ལ་ཡང་རྣམ་གསུམ་དང་།། ཞེས་གསུངས་ནས་ཤམ་ཐབས་ལ་བདུན་དང་། བདུན་དེ་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོང་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ། འབྲུའི་ཕུར་མ་ལྟར་མ་ཡིན་པ་ཞེས་སོགས་རྣམ་པ་བདུན་བཤད་ཀྱི་འདུག དེ་ཚོ་ཆུང་ཙག་རེད།  གཙོ་ཆེ་བ་ཕམ་པ་དང་ལྷག་མ་སོགས་གཅིག་པ་ཆགས་ཀྱི་ཡོད། དེར་བརྟེན་འདུལ་བའི་ཉམས་ལེན་དེ་སངས་རྒྱས་པའི་ཡུལ་གྲུ་ཚང་མར་ཁྱབ་བསྡད་པ་ཞིག་ཆགས་ཡོད། ཧ་ཅང་གལ་ཆེན་པོ་རེད། ཤེར་ཕྱིན་གྱི་གཞུང་རྣམས་ནི་ནམ་རྒྱུན་ཡོངས་གྲགས་སུ་ཐེག་ཆེན་ཞེས་བཤད་བཞིན་པའི་ཡུལ་གྲུ་ཁག་ཏུ་གསུང་གི་ཡོད་པ་རེད། འདུལ་བའི་གཞུང་དེ་ཚང་མར་ཁྱབ་ཡོད་པ་ཞིག་རེད། དེ་རིང་འདིར་ཁྱོད་རང་ཚོ་དོན་གཉེར་ཆེན་པོ་བྱས་ཏེ་ཕེབས་པ་ལ་དམིགས་བསལ་གྱིས་དགའ་བསུ་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ནས་གོང་དུ་བཤད་པ་ལྟར་ཆོས་གྲོགས་རྒན་པ་ཆགས་ཡོད་པ་རེད། དམིགས་བསལ་གྱིས་དགའ་བསུ་ཞུ་རྒྱུ་ཡིན། 

པ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་དབར་འབྲེལ་བ་ཉུང་ཉུང་རེད། འབྲེལ་བས་ལྡང་གི་མི་འདུག པ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚོ་འབྲེལ་བ་ཤུགས་ཆེ་རུ་འགྲོ་དགོས་པ་ཞིག་རེད། ང་ཚོས་པ་ལིའི་སྐད་སློབ་རྒྱུར་འབད་བརྩོན་ཞིག་བྱེད་བཞིན་ཡོད། སྔ་མོ་དྲུག་ཅུའི་ནང་དུ་བོད་པའི་དགེ་འདུན་པ་ཁ་ཤས་ཤིག་ཐའེ་ལན་ཏུ་ཕྱིན་ནས་ཐའེ་ལན་གྱི་དགོན་པ་ཞིག་གི་སྒྲིག་འཛུགས་སུ་ཞུགས་ནས་སྡོམ་རྒྱུན་དེའང་འཕགས་པ་གནས་བརྟན་སྡེ་བའི་སྡོམ་རྒྱུན་གསར་པ་བཞེས་ནས་མི་བཞི་ལྔ་ཞིག་བྱུང་བ་རེད། དེའི་རྗེས་ལ་མུ་མཐུད་ནས་འགྲོ་རྒྱུ་བྱུང་ཡོད་པ་མ་རེད། ཁ་སང་ཐའེ་ལན་གྱི་ཁྱོད་རང་ཚོ་མི་སྣ་ཁ་ཤས་ཤིག་ལ་ཐུག་ནས་སྔོན་ལ་ཐའེ་ལན་གྱི་དགེ་འདུན་པ་གསུམ་ཚུར་ཡོང་རྒྱུ་དང་། འདི་ནས་དགེ་འདུན་པ་གསུམ་ཕར་འགྲོ་རྒྱུ་བྱས་ནས་ཕན་ཚུན་གྱི་སྐད་སློབ་རྒྱུ་དང་། དེ་འདྲའི་ཐོག་ནས་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བསྐྱར་གསོ་བྱ་རྒྱུའི་སྐད་ཆ་བྱུང་། དེ་མིན་གྱི་ཡུལ་གྲུ་ཁག་མང་པོ་ཞིག་ནས་མི་སྣ་སླེབས་བསྡད་ཡོད་པ་རེད། རྒྱ་ནག་ལ་ཆ་བཞག་ན་ཕ་མེས་ནས་ནང་པའི་རྗེས་སུ་འགྲོ་མཁན་རེད། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། རྒྱ་ནག་དང་འབྲེལ་ནས་ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་སོགས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད་པ་རེད། དེ་ནས་སོག་པོ་ཕལ་ཆེར་ཡོད་ཀྱི་རེད། གང་ལྟར་བོད་ན་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཧོར་གྱི་ཡུལ་ཁག་དང་གཅིག་པ་ཆགས་བསྡད་འདུག ཨི་རུ་སིའི་ཁུངས་སུ་ཡོད་པའི་སོག་པོ་མང་པོ་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་ཁུངས་སུ་ཡོད་པའི་སོག་རིགས་མང་པོ་ཡོད་པ་རེད། དེ་ནས་སོག་པོ་རང་བཙན་གྱི་རྒྱལ་ཁབ་བཅས་ཚང་མ་ང་ཚོའི་ཆོས་བརྒྱུད་གཅིག་པ་རེད། དེ་དག་ལོ་རྒྱུས་ཀྱི་ཐོག་ནས་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་མཁན་ཆགས་བསྡད་ཡོད། 

བར་སྐབས་འཛམ་གླིང་འདིར་ཕན་ཚུན་འབྲེལ་བ་ཤུགས་ཆེ་རུ་ཕྱིན་པས་དེ་སྔ་ནང་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུ་རུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་བ་སླེབས་མཁན་ཡང་ཡོང་གི་འདུག ཕ་མེས་སྐབས་ནས་ནང་ཆོས་དང་འབྲེལ་བ་མེད་མཁན་མང་པོ་ཞིག་ཀྱང་བར་སྐབས་ནས་འདིར་ཡོང་བཞིན་ཡོད་པ་རེད། གང་ལྟར་ཁྱོད་རང་ཚོ་ཕ་མེས་ནས་ནང་པ་དང་འབྲེལ་བ་མེད་ཀྱང་སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་དོ་སྣང་བྱས་ཡོང་སྐབས་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་སངས་རྒྱས་པའི་ལྟ་གྲུབ་མ་འདྲ་བ་ཡོང་གི་ཡོད་པ་རེད། དེར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་གི་འདུག 

སྤྱིར་འཛམ་གླིང་འདིར་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་རེད། རྒྱ་གར་ནས་བྱུང་བའི་ཆོས་བརྒྱུད་གྲངས་ཅན་པ་དང་། གཅེར་བུ་བ་ལ་སོགས་པའི་མུ་སྟེགས་པ་ཁག་མང་པོ་ཞིག་ཡོད་པ་རེད། དེ་ནས་སངས་རྒྱས་པའི་ཆོས་བཅས་རེད། འཛམ་གླིང་དཀྱིལ་ཤར་ནས་བྱུང་བའི་ཆོས་ལུགས་གཙོ་ཆེ་བ་ཡི་ཤུ་དང་། འཇིའུ། ཁ་ཆེ་ཆོས་བཅས་ཕལ་ཆེར་དཀྱིལ་ཤར་ནས་ཡོང་བ་ཞིག་རེད། ཆོས་བརྒྱུད་དེ་དག་ཚང་མ་མི་ལ་ཕན་པའི་བསླབ་བྱ་རྒྱག་མཁན་ཤ་སྟག་རེད། ཆོས་བརྒྱུད་རང་གི་ཐོག་ནས་བརྩིས་པ་ཡིན་ན་བྱམས་བརྩེ་དགོས་པ་རེད་ཅེས་ཆོས་ལུགས་ཚང་མས་གསུངས་འདུག ཆོས་བྱེད་མཁན་སོ་སོ་ཆགས་སྡང་གི་གཞན་དབང་དུ་ཕྱིན་ནས་ཆོས་དད་དེ་ཡང་ང་ཚོའི་ཆོས་དང་ཁོང་ཚོའི་ཆོས་ཞེས་ཆགས་སྡང་བྱེད་པའི་ཐོག་ཏུ་འགྲོ་རྒྱུ་ཞིག་ཆགས་པ་མ་གཏོགས། རྩ་བའི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུངས་པ་གཅིག་མཚུངས་ཆགས་ཡོད། ཆོས་བརྒྱུད་ཆུང་ཆུང་ལྷ་གསོལ་བྱེད་པ་དེ་ཚོ་གནས་ཚུལ་ཁ་ཁ་རེད། དེ་མིན་གྲུབ་མཐའ་ཡོད་བསྡད་པའི་ཆོས་བརྒྱུད་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གཙོ་བོར་གསུང་གི་འདུག དེ་དང་འབྲེལ་ནས་བཟོད་པ་དང་ཆོག་ཤེས། དེ་བཞིན་རང་ཁྲིམས་སྲུང་བ་བཅས་ཆོས་ལུགས་གཙོ་ཆེ་བ་ཚང་མ་གཅིག་མཚུངས་ཆགས་ཡོད། གང་ལྟར་འཛམ་གླིང་གི་ཆོས་བརྒྱུད་ཁག་གིས་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་མི་ལ་ཕན་ཐོགས་བྱུང་ཡོད་པ་རེད། ད་ལྟ་ཡིན་ནའང་ཆོས་བརྒྱུད་ཁག་དེ་དག་གི་རྗེས་སུ་འབྲང་མཁན་ས་ཡ་མང་པོ་ཡོད་པ་རེད།  མ་འོངས་པ་ལའང་ཆོས་བརྒྱུད་ཁག་དེ་དག་གིས་མི་ལ་ཕན་ཐོགས་ཡོང་བ་ཞིག་ཆགས་བསྡད་ཡོད། དེར་བརྟེན། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་འཐེན་འཁྱེར་བྱེད་པའི་གཞི་རྩ་མི་འདུག ཆོས་ལུགས་ཚང་མ་མཐུན་པོ་བྱོས། མཐུན་པོ་ཡོང་བའི་རྩ་བ་ནི་ཕན་ཚུན་ལ་གུས་ཞབས་བྱོས། མཁྱེན་སོང་ངམ། དད་པ་དང་གུས་པའི་དབྱེ་བ་ཕྱེས། དད་པ་སོ་སོའི་ཆོས་ལུགས་ལ་བྱེད་པ་དང་གུས་པ་ཆོས་ལུགས་ཚང་མར་བྱེད་དགོས། དེ་ལྟར་འཛམ་གླིང་འདིར་ཆོས་ལུགས་མཐུན་འབྲེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། དེ་ནས་གསོལ་ཇའི་བར་གསེང་དང་བསྟུན་སློབ་ཕྲུག་ཁག་ཅིག་གིས་དྲི་བ་ཞུས་པར་བཀའ་ལན་སྩལ། 

གཞན་ཡང་། བཀའ་བསྟན་འགྱུར་སོགས་བོད་ཡིག་ཏུ་བསྒྱུར་སྐབས་ལོ་ཙྪ་བ་དང་མཁན་པོ་མཉམ་འབྲེལ་གྱིས་མཁན་པོས་དགོངས་དོན་ལ་དོགས་གཅོད་བྱེད་རོགས་དང་ལོ་ཙྪ་བས་བོད་ཡིག་ཏུ་གཏན་ལ་ཕབ་པ་དང་། ཐ་སྙད་གསར་བཟོ་བྱས་པ་སོགས་ཀྱིས་ད་ལྟའི་དུས་སུ་ཐ་སྙད་ཕུན་སུམ་ཚོགས་པ་ཡོད་སྐོར་བཀའ་སྩལ་བ་དང་། དེ་ནས་སེམས་འཁྲུག་པའི་སྐབས་སུ་སྤྱོད་འཇུག་ལེའུ་དྲུག་པ་བཟོད་པའི་ལེའུ་དང་། ལེའུ་བརྒྱད་པ་བདག་གཞན་མཉམ་བརྗེའི་སྐོར་ལ་བལྟས་ན་དམིགས་བསལ་གྱིས་ཕན་ཐོགས་ཡོད་པའི་སྐོར་སོགས་ལམ་སྟོན་ཕེབས་ཏེ་སྤྱོད་འཇུག་བཤད་ལུང་དབུ་འཛུགས་ཀྱིས་ཆུ་ཚོད་༡༡།༣༠ ཡོལ་ནས་ལེའུ་ལྔ་པ་ཤེས་བཞིན་བསྲུང་བར་བྱ་བའི་དཀྱིལ་ཙམ་བར་བཤད་ལུང་གནང་བ་དང་། དེ་ཡང་། 

མཁས་ཤིང་དད་དང་ལྡན་བྱས་ནས། །
ལས་རྣམས་བདག་གིས་རྟག་ཏུ་བྱ། །
ལས་རྣམས་ཀུན་ལ་སུ་ལ་ཡང་། །
ལྟོས་པར་བྱ་བ་མ་ཡིན་ནོ། །


ཞེས་པའི་མཚམས་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་མཇུག་གྲུབ་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་དུ་ཐའེ་ལན་ཌི་ནས་དགེ་འདུན་པ་ ༡༥༠ དང་། མཐོ་རིམ་སློབ་གྲྭ་ཁག་ནས་སློབ་ཕྲུག་ ༩༠༠ དང་། སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་ ༡༡༢ རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་སློབ་གཉེར་བ་ ༢༥༠ ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ ༡༠༥ བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ ༡༣༤༨ བཅས་ཁྱོན་རྒྱལ་ཁབ་ ༦༥ ནས་ཕེབས་པའི་ཆོས་ཞུ་བ་ ༩༠༠༠ བརྒལ་བ་ཡོད་པ་དང་།  བཀའ་ཆོས་འདི་བཞིན་རྒྱ་སྐད་དང་། ཧིན་དྷི། དབྱིན་སྐད། ཉི་ཧོང་སྐད། ཀོ་རི་ཡའི་སྐད། ཝི་ཏི་ནམ་གྱི་སྐད། འཇར་མན་གྱི་སྐད། སི་པན་ནི་ཤཱི་ཡིའི་སྐད། ཧྥ་རན་སིའི་སྐད། རཱ་ཤཱི་ཡའི་སྐད་བཅས་སུ་གསུང་བསྒྱུར་གྱིས་དྲ་ལམ་དུ་ཐད་གཏོང་ཞུས་ཡོད་པ་བཅས།།