དགའ་ལྡན་ཕོ་བྲང་བླ་བྲང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། 

མདུན་ངོས། / དགའ་ལྡན་ཕོ་བྲང་བླ་བྲང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། 

༄༅། །བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོ་ཟླ་ ༥ ཚེས་ ༡༤ ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༧ རེས་གཟའ་ལྷག་པ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་བླ་ལྷའི་ཐུགས་དམ་དགོངས་དོན་ལྟར་དགའ་ལྡན་ཕོ་བྲང་བླ་བྲང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགའ་ལྡན་ཕོ་བྲང་གི་ཞབས་ཞུ་བ་རྣམས་དང་། ཞབས་ཞུ་བ་སོ་སོའི་ནང་མི་རྣམས་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར་ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་   ༨།༣༠    ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་རྣམ་གྲྭའི་དགེ་བསྐོས་གཉིས་ནས་སྤྱན་རྒྱ་དང་། སྤོས་འཛིན་བཅས་གཟིམ་ཆུང་རྙིང་པར་གདན་འདྲེན་གྱིས་མཆོད་མཇལ་གྲུབ་མཚམས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་པ་དང་། བརྟན་བཞུགས་ཀྱི་དབུ་བཞུགས་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས། རིམ་བཞིན་བླ་མ་ལྷ་བསྐྱེད་ནས་མཐར་ཆགས་སུ་གསུངས་ཏེ། མཆོད་འཕྲེང་། བསྟོད་པ། བཟླས་པ་བཅས་སོང་ནས་རྩ་རུའི་ཚོགས་འཁོར་འབུལ་བཞེས་མཛད། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་བཞེངས་ཏེ་མཎྜལ་ཚོམ་བུ་འདེགས་འབུལ་དང་། བཞེངས་མུར། ཚིག་བསྟུན་གྱིས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲིས་རྟགས་བརྒྱད། བཀྲིས་རྫས་བརྒྱད། མཎྜལ་རྟེན་གསུམ་འདེགས་འབུལ་དང་། ༸རྒྱལ་བའི་ཞབས་བརྟན་གསུང་མུར་འབུལ་དངོས་སྤྱན་བསྟར་ཞུས་པ་དང་།  མཐར་གཏང་རག་གི་མཎྜལ་རྟེན་གསུམ་ཕུལ་རྗེས། ཞལ་འདོན་ཉི་གཞོན་འཆར་ཀ་མ། རིས་མེད་བསྟན་རྒྱས་སྨོན་ལམ། བསྟན་འབར་མ་གསུང་སྐབས་ཀ་ཁྲི་སྒྲོག མཆོག་གསུམ་ཤིས་བརྗོད་དང་། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ། བརྟན་བཞུགས་དངོས་གཞི་གྲུབ། ཆོག་གྲྭ་འདུས་ཚོགས་ནས་མཇུག་ཆོག་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་བཞིན་ཕོ་བྲང་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།། །།