མ་རུངས་པའི་བྱ་བར་གདོང་ལེན་དང་བྱེད་པ་པོ་གང་ཟག་ལ་སྙིང་རྗེ་བྱེད་པ་སྟེ་བྱ་བ་དང་བྱེད་པ་པོའི་དབར་དབྱེ་བ་འབྱེད་དགོས། 

མདུན་ངོས། / མ་རུངས་པའི་བྱ་བར་གདོང་ལེན་དང་བྱེད་པ་པོ་གང་ཟག་ལ་སྙིང་རྗེ་བྱེད་པ་སྟེ་བྱ་བ་དང་བྱེད་པ་པོའི་དབར་དབྱེ་བ་འབྱེད་དགོས། 

རང་གི་དགྲས་མཚོན་པའི་སེམས་ཅན་གཞན་གྱི་བདེ་དོན་ལ་བརྩི་བཀུར་བྱེད་པའི་བསམ་བློར་བརྟེན་ཅིང་། ཆོས་ལ་མ་བརྟེན་པའི་སྤྱོད་བཟང་ཡང་ཕ་རོལ་པོའི་རྣམ་འགྱུར་ལ་བརྟེན་པའི་བརྩེ་བ་བརྒྱུད་ནས་དར་སྤེལ་གཏོང་དགོས། འདིའི་སྐབས་ངེས་པར་དུ་བྱེད་པ་པོ་དང་བྱ་བ་གཉིས་ཀྱི་དབར་དབྱེ་བ་འབྱེད་དགོས། བྱེད་པ་པོ་དགྲ་བོར་མཚོན་ན་རང་དང་མཚུངས་པར་འགྲོ་བ་མི་གཅིག་པ་ཡིན་ཞིང་། ཁོང་ཚོར་ཡང་བདེ་སྡུག་ལ་འདོར་ལེན་བྱེད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེ་འདྲ་ཞིག་ཡོད་པའི་ཆ་ནས་རང་གི་དགྲ་ལ་དམིགས་ནས་བརྩེ་བ་བཅངས་དགོས་པ་རེད། འོན་ཀྱང་གནོད་འཚེ་ཅན་གྱི་བྱ་བ་མ་རུངས་པ་བྱེད་པའི་ཆ་ནས་བཤད་ན་ང་ཚོས་བྱ་བ་ངན་པ་དེ་འགོག་པའི་དོན་དུ་གདོང་ལེན་ངེས་པར་དུ་བྱེད་དགོས། དེ་ལྟར་མ་རུངས་པའི་བྱ་བར་གདོང་ལེན་དང་བྱེད་པ་པོ་གང་ཟག་ལ་སྙིང་རྗེ་བྱེད་པ་སྟེ་བྱ་བ་དང་བྱེད་པ་པོའི་དབར་དབྱེ་བ་འབྱེད་དགོས། དཔེར་ན། བོད་པར་མཚོན་ན་རྒྱ་ནག་གཞུང་གི་ཆབ་སྲིད་དང་རྣམ་འགྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཆབ་སྲིད་ལག་ལེན་བསྟར་མཁན་གྱི་རྒྱ་རིགས་དེ་དག་ལ་མི་ཡིན་པའི་ཆ་ནས་དེ་དག་གི་བདེ་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་ལ་བརྩེ་བ་འཆང་བཞིན་ཡོད། 


ཕྱི་ལོ་༢༠༡༢ ཟླ་༧ ཚེས་༡ ནས་༢ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་གཙུག་ལག་ཁང་དུ་ཝེད་ནམ་གྱི་དད་ལྡན་པ་ཁག་ཅིག་གཙོ་བོར་གྱུར་པའི་ཆོས་ཞུ་བ་རྣམས་ལ་སྩལ་བའི་ལམ་གཙོའི་བཀའ་ཁྲིད་ལས་བཏུས།