དབང་ཆ་གཟུང་རྒྱུ་ཁོ་ནའི་ཐོག་ལ་ཤུགས་བརྒྱབ་ནས་ཕྱིན་པ་དེས་ལམ་ལུགས་བཙོག་པར་འགྱུར་བའི་གནས་སྟངས་བྱུང་ཡོད། 

མདུན་ངོས། / དབང་ཆ་གཟུང་རྒྱུ་ཁོ་ནའི་ཐོག་ལ་ཤུགས་བརྒྱབ་ནས་ཕྱིན་པ་དེས་ལམ་ལུགས་བཙོག་པར་འགྱུར་བའི་གནས་སྟངས་བྱུང་ཡོད། 

གཞི་རྩའི་ཆ་ནས་བདེ་སྡུག་གི་འབྲས་བུ་དེ་མི་རང་རང་གི་ལས་ལ་བརྟེན་ནས་འབྱུང་བ་ཡིན་ཀྱང་།  སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཁག་འཕྲལ་གྱི་རྐྱེན་དུ་འགྱུར་བའི་སྐབས་ཡོད།  སེམས་མེད་བེམ་པོའི་ཆོས་ལ་སྤྱི་ཚོགས་ཞེས་པའི་རྣམ་གཞག་མེད་པར་སྤྱི་ཚོགས་ཞེས་པ་སེམས་ལྡན་གྱི་དངོས་པོའི་སྟེང་ནས་གཞག་དགོས། དེར་བརྟེན་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་དྲང་པོ་དང་སེམས་བཟང་པོ་ཡོད་པ་ཞིག་བྱུང་ན་སྤྱི་ཚོགས་དེ་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་ཐུབ། བདེ་སྐྱིད་ཅེས་པ་ནང་ཤེས་པའི་མྱོང་བའི་སྟེང་ནས་གཞག་དགོས་པས་ཕྱི་དངོས་པོའི་ཡར་རྒྱས་རྐྱང་པས་བདེ་སྐྱིད་ཡོང་བའི་ངེས་པ་མེད། དེས་ན་སྤྱི་ཚོགས་ནང་འབྱུང་བཞིན་པའི་སྐྱོན་ཆ་རྣམས་སྤྱི་ཚོགས་ཀྱིས་བྱས་པ་མིན་པར་མིས་བཟོས་པ་ཡིན་པས་རྩ་བ་མིའི་བསམ་བློར་ཐུག་ཡོད། སྤྱི་ཚོགས་ཀྱི་ལམ་དང་ལུགས་སྲོལ་ཇི་ཙམ་བཟང་པོ་ཡོད་ཀྱང་སྤྱི་ཚོགས་དེའི་འགན་འཁྱེར་མཁན་གྱི་མིའི་བསམ་བློ་ཡག་པོ་མེད་ན་བདེ་སྐྱིད་ཡོང་མི་ཐུབ། ཆོས་ལ་མཚོན་ན་ཆོས་རང་གི་ངོ་བོའི་ཆ་ནས་ཡག་པོ་ཡིན་ཀྱང་ཆོས་བྱེད་མཁན་རྣམས་ཀྱིས་གཞན་ལ་བཤུ་གཞོག་གཏོང་བ་དང་སྐྱག་རྫུན་ཤོད་པ། མགོ་སྐོར་གཏོང་བ་སོགས་བྱེད་སྐབས་ཆོས་ཀྱིས་ཕན་ཐོགས་རྒྱུ་ལས་ལྡོག་སྟེ་ཆོས་ཁོ་རང་བཙོག་པར་འགྱུར་གྱི་ཡོད། དཔེར་ན།ངོས་རང་ལ་མཚོན་ན། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་སྲོལ་ལྟར་བྱས་ན་ངོས་རང་མར་ཁེ་སིའི་རིང་ལུགས་པ་ཡིན། མར་ཁེ་སི་ལ་ཧ་ཅང་དགའ་བོ་ཡོད། ཁོང་གིས་མི་ཚང་མར་དཔལ་འབྱོར་འདྲ་མཉམ་དགོས་པ་ལས་མི་འགའ་ཞིག་ཧ་ཅང་ཕྱུག་པོ་དང་།  བཟོ་པ་དང་ཞིང་པའི་རིགས་རྣམས་ཧ་ཅང་སྐྱོ་པོ་བྱས་ཏེ་འཚོ་དགོས་པ་འགྲིག་གི་མེད་པར་བཤད་ཡོད། ལྟ་གྲུབ་འདིར་སྤྱོད་བཟང་གི་ཡོན་ཏན་ཡོད། འོན་ཀྱང་།  ལེ་ཉིན་སླེབས་རྗེས་སྤྱི་ཚོགས་ནང་དབང་ཆ་གཟུང་རྒྱུ་གཙོ་བོར་བྱས་ཏེ་སྤྱི་ཚོགས་ནང་གི་མི་སྐྱོ་བོར་ལྟ་རྟོག་བྱ་རྒྱུ་དང་སྤྱི་ཚོགས་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུའི་མར་ཁེ་སིའི་བསམ་བློ་དང་མི་མཐུན་པའི་ལམ་དུ་ཕྱིན་ཡོད། ལྟ་གྲུབ་ཀྱི་ལམ་སྲོལ་གཅིག་པ་ཡིན་ཀྱང་དབང་ཆ་གཟུང་རྒྱུ་ཁོ་ནའི་ཐོག་ལ་ཤུགས་བརྒྱབ་ནས་ཕྱིན་པ་དེས་ལམ་ལུགས་བཙོག་པར་འགྱུར་བའི་གནས་སྟངས་བྱུང་ཡོད། 

ཕྱི་ལོ་༢༠༡༢ ཟླ་༧ ཚེས་༡ ནས་༢ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་གཙུག་ལག་ཁང་དུ་ཝེད་ནམ་གྱི་དད་ལྡན་པ་ཁག་ཅིག་གཙོ་བོར་གྱུར་པའི་ཆོས་ཞུ་བ་རྣམས་ལ་སྩལ་བའི་ལམ་གཙོའི་བཀའ་ཁྲིད་ལས་བཏུས།