ཐར་པ་ཞེས་པ་ཕྱི་རོལ་ཏུ་ཡོད་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱེད།

མདུན་ངོས། / ཐར་པ་ཞེས་པ་ཕྱི་རོལ་ཏུ་ཡོད་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱེད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་མེད་པའི་རྣམ་གཞག་གསུངས་པའི་དགོས་དོན་ནི། སྡུག་བསྔལ་རྣམས་སེམས་མ་དུལ་བའི་དབང་གིས་ཡོང་བ་ཀུན་གྱི་མཐུན་སྣང་དུ་གྲུབ་ཅིང་།  སེམས་མ་དུལ་བ་ཆགས་སྡང་ལ་བརྟེན་པ་དང་། ཆགས་སྡང་གཉིས་པོ་བདག་ཏུ་ཞེན་པ་ལ་བརྟེན་ནས་ཡོང་བ་སོགས་ཞིབ་ཏུ་དཔྱད་དེ་དགོངས་པ་བཞེས་ཡོད། སངས་རྒྱས་པའི་ཆོས་འདི་ཆོས་ལུགས་གཞན་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་དེ་བདག་མེད་པའི་རྣམ་གཞག་གསུངས་པའི་ཐོག་ནས་འཐོན་དགོས། དེ་དང་འབྲེལ་ཏེ་ཐར་པ་ཞེས་པ་ཕྱི་རོལ་ཏུ་ཡོད་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱེད་པར་རང་རྒྱུད་ཀྱི་ཕྱིན་ཅི་ལོག་གི་བློའམ་འཆིང་བྱེད་ཀྱི་ཉོན་མོངས་དང་བྲལ་བའི་སེམས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་བརྗོད་པ་ཡིན། 

ཕྱི་ལོ་༢༠༡༢ ཟླ་༧ ཚེས་༡ ནས་༢ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་གཙུག་ལག་ཁང་དུ་ཝེད་ནམ་གྱི་དད་ལྡན་པ་ཁག་ཅིག་གཙོ་བོར་གྱུར་པའི་ཆོས་ཞུ་བ་རྣམས་ལ་སྩལ་བའི་ལམ་གཙོའི་བཀའ་ཁྲིད་ལས་བཏུས།