སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

མདུན་ངོས། / སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །བོད་ཟླ་ ༧ ཚེས་ ༢༣ ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་སླད། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་། ཀ་རྡོར་སྒང་གསུམ་དང་རི་ཝང་ལ་བཅས་ཀྱི་ཚོགས་སྐྱིད་ཁག་ནས་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་གདན་འདྲེན་ཞུ་སྐབས་ཕེབས་ལམ་གཡས་གཡོན་གཉིས་སུ་སེར་སྦྲེང་དང་། འཐུས་ཚབ་རྣམས་ནས་སྤོས་སྣེ། སྤྱན་རྒྱ། དཀར་གཙང་ལྷ་དར་དང་བཅས་གཙུག་ལག་ཁང་དུ་གདན་འདྲེན་ཞུ་སྐབས་གཙུག་ལག་ཁང་གི་གསུང་ཆོས་ར་བར་བརྟན་བཞུགས་ལ་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ལ་ཕྱག་གཡུགས་དང་། ཕེབས་ལམ་གྱི་བགྲེས་སོང་ཁག་ཅིག་ལ་མཇལ་ཁ་སྩལ་ཏེ་དུས་འཁོར་ལྷ་ཁང་དུ་གནས་གཟིགས་མཛད་པ་དང་། དེ་ནས་ཐུབ་དབང་སྐུ་བརྙན་བཞུགས་པའི་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། བརྟན་བཞུགས་ཀྱི་དབུ་བཞུགས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས། དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་གནང་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ། གུ་རུའི་ཐུགས་དམ་གནད་སྐུལ། པཎ་གྲུབ་བཅུ་བདུན་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས། ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་མཁན་རིན་པོ་ཆེ་དང་གོང་གསལ་འཐུས་མི་རྣམས་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུ། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་དང་། གསུང་། ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་བ་དང་སྐབས་དེར་དབུ་བཞུགས་མཆོག་དང་འཐུས་མི་རྣམས་ནས་མཇལ་ཁ་ཞུས་པ་དང་།  མུ་མཐུད་༸རྒྱལ་བའི་ཞབས་བརྟན་གསུང་མུར། འབུལ་དངོས་བསྟར། ཞལ་འདོན་གསུང་མུར་ཚོགས་འགྲེམས། ཡོན་འབུལ། གཏང་རག་མཎྜལ་སྐབས་གོང་གསལ་ཚོགས་སྐྱིད་ཁག་གི་འཐུས་མི་ཁག་ཅིག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་བརྟན་བཞུགས་བསྟར་འབུལ་དུ་ཕེབས་ཁོངས་ནས་མཇལ་ཁ་ཞུས་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ལྟ་གྲུབ་སོགས་བོད་ཡིག་ནང་ཡོད་པ་དེ་རྩ་ཆེན་པོ་ཡིན་པ་དང་དེ་ཉིད་རྒྱུན་འཛིན་དགོས་སྐོར་སོགས་བཀའ་སློབ་སྩལ་དོན། 


དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་། ཀ་རྡོར་སྒང་གསུམ་དང་རི་ཝང་ལ་བཅས་ཀྱི་ཚོགས་སྐྱིད་ཁག་ནས་ཚེ་སྦྱིན་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་རྒྱུ་དང་། ཁྲི་རིན་པོ་ཆེ་ཡང་ཕེབས་ཡོད་པ་རེད། ཧ་ཅང་ཡག་པོ་བྱུང་། ཁྱོད་རང་ཚོའི་ལས་བསྡོམས་སམ་སྙན་ཞུ་དེ་ཆ་ཚང་ངོས་ཀྱིས་ཀློག་ཁོམ་བྱུང་ཡོད་པ་མ་རེད། གང་ལྟར། ཁྱོད་ཚོ་ཚང་མ་དམ་ཚིག་གོང་བུ་གཅིག་གྱུར་གྱི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་བྱེད་ཀྱི་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚེ་སྦྱིན་ཡེ་ཤེས་འཁོར་ལོའི་ཆོ་ག་འདོན་བཞིན་པའི་སྐབས་སུ་ངོས་ཀྱིས་ཀྱང་གསལ་སྣང་བཏོན་རྒྱུ་དང་བླ་མ་གོང་མ་ཚོའི་ཐུགས་རྗེ་བསྐུལ་ནས་ཚེ་ཡི་བྱིན་རླབས་ཞུ་བ་སོགས་ལ་དམིགས་པ་བརྟན་པོ་བྱས་པ་ཡིན། ཧ་ཅང་ཡག་པོ་བྱུང་སོང་། 

གང་ལྟར། དེ་རིང་ཚེ་གྲུབ་སྐྱོན་པའི་བླ་མ་དེ་དག་གི་རྩ་བརྒྱུད་ཀྱི་བླ་མ་གོང་མ་དག་གིས་དེང་སང་དངོས་སུ་སྤྱིར་འགྲོ་བ་སྤྱི་དང་ཡང་སྒོས་འཛམ་གླིང་འདི། བྱེ་བྲག་བོད་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་དོན་མཛད་རྒྱུ་སྐུ་དངོས་སུ་བཞུགས་ནས་གནང་གི་ཡོད་པ་མ་རེད། གང་ལྟར། རྩ་བརྒྱུད་ཀྱི་བླ་མ་གོང་མ་དག་གི་མི་ཡི་མི་ཚབ་དང་གསུང་གི་གསུང་ཚབ་བྱེད་མཁན་ངོས་རང་ཆགས་ཡོད་པ་རེད། དེར་བརྟེན་ཚེ་དྲིལ་བགྱིས་པའི་བླ་མ་གོང་མ་དག་གི་ཐུགས་རྗེ་བྱིན་རླངས་ལོས་ཡོང་། སྤྱན་འདྲེན་གྱི་ཚིག  མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི།། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ།། འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་།། སྨོན་ལམ་རྒྱལ་ཆེན་དགོངས་པ་ཡོངས་རྫོགས་པ། ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན།། ཞེས་གསུངས་པ་ལྟར་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་བསྐྱེད་སྨོན་ལམ་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོད་པ་རེད། རང་དོན་ཡིད་བྱེད་མེད་པར་གཞན་དོན་འབའ་ཞིག་དགོངས་ནས་ཐོག་མར་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཟིན་པའམ་འཚང་རྒྱ་བཞིན་པ་ཆགས་ཡོད། དེར་བརྟེན། དེང་སང་གི་དུས་ཚོད་འདིར་སྟོན་པ་འཁོར་དང་བཅས་པའི་ལེགས་པར་བཤད་པ་རྨད་དུ་བྱུང་བ་དེ་འཛམ་གླིང་འདིར་ངོ་སྤྲོད་བྱས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་དང་། མདོར་ན།། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །  ཅེས་གསུངས་པ་དེ་བཞིན་ད་ལྟའི་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ཡིན་ནའང་ལོ་བརྒྱ་སྐོར་འཚོ་ཐུབ་པ་ཞིག་དང་། དེའི་ཐོག་ནས་ང་ཚོའི་བོད་མིས་མཚོན་པའི་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་ཚོར་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། ཁྱོད་རང་ཚོས་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་བཟོས་འདུག དེང་སང་གི་དུས་ཚོད་འདིར་པཎ་གྲུབ་བཅུ་བདུན་ཞེས་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དང་། རྒྱུ་མཚན་ལྡན་པའི་ཐོག་ངོ་སྤྲོད་རྒྱུ་ཡོད་པ་དེ་ལ་པཎ་གྲུབ་བཅུ་བདུན་ཧ་ཅང་བཀའ་དྲིན་ཆེན་པོ་རེད། 

དེ་སྔ་ང་རང་ཚོར་རྒྱན་དྲུག་མཆོག་གཉིས་མ་གཏོགས་པཎ་གྲུབ་བཅུ་བདུན་ཆ་ཚང་ཡོད་པ་མ་རེད། གཞན་པ་ཚོ་ཁུ་སིམ་པོར་བྱས་ཏེ་བཞུགས་པའི་སྲོལ་ལྟ་བུ་རེད། གང་ལྟར་པཎ་གྲུབ་བཅུ་བདུན་གྱི་མཚན་གོང་ལ་གཏོད་མཁན་དེ་ངོས་རང་ཆགས་བསྡད་ཡོད། དེ་དག་གིས་དངོས་ཡོད་གནས་ཚུལ་དང་མཐུན་པར་རིགས་པའི་ལམ་ནས་འགྲེལ་བཤད་བརྒྱབ་ནས་ཡོང་བ་དེ་ནི་ཧ་ཅང་རྩ་ཆེན་པོ་རེད། སྐྱབས་སུ་མཆི་རྩ་ཆེན་པོ་རེད། བསམ་གྱིས་མི་ཁྱབ་པ་རེད་ཅེས་པའི་སྐད་ཆ་དེ་མིན་པར་དངོས་ཡོད་གནས་ཚུལ་ལ་རྒྱུ་མཚན་བཀོད་ནས་འཆད་མཁན་ཞིག་རེད། ཁྱོད་རང་ཚོའི་ཡིག་ཆ་ཞིག་གི་ནང་དུ་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱེད་པ་ལ་དམ་བཅའ་ལྟ་བུ་བཞག་གི་ཡིན། གོང་བུ་གཅིག་གྱུར་གྱི་དམ་ཚིག་ལྡན་པ་ཞིག་བྱེད་ཀྱི་ཡིན་ཞེས་བྲིས་ཡོད་པ་ངོས་ནས་རོབ་ཙམ་མཐོང་སོང་། དེར་བརྟེན། ངོས་ནས་རྒྱུན་དུ་བརྗོད་བཞིན་པ་ལྟར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པ་དང་ལྡན་པའི་ཐོག་ནས་གཞི་ཡི་གནས་ཚུལ་བདེན་པ་གཉིས། ལམ་གྱི་གནས་ཚུལ་བདེན་པ་གཉིས་དང་འབྲེལ་བའི་བདེན་བཞིའི་རྣམ་གཞག་ཅེས་བཤད་རྒྱུ་ཡོད་པ་ནི་བོད་གངས་ཅན་གྱི་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་གཅིག་པུ་མ་གཏོགས་གཞན་སུ་གང་གཅིག་ལའང་བཤད་རྒྱུ་མི་འདུག

ད་ལྟ་ངོས་རང་ལོ་བརྒྱད་ཅུ་གྱ་གསུམ་ལ་སླེབས་ཡོད་པའི་མི་ཞིག་རེད། མི་མང་པོར་ཐུག་གི་ཡོད་པ་རེད། ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས་ང་ཚོའི་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་དང་། སྤུས་དག་པོ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད། དེའི་འགྲེལ་བཤད་བརྒྱག་པར་བོད་ཀྱི་སྐད་ཡིག་ཡག་ཤོས་རེད་འདུག དེང་སང་རྒྱ་ནག་གི་ནང་ཆོས་ལ་དོ་སྣང་སླེབས་མཁན་ཚོས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་འདུག དེར་བརྟེན། སངས་རྒྱས་པའི་ཆོས་བོད་གངས་ཅན་གྱི་ལྗོངས་ལ་དཔལ་ནཱ་ལེནྡྲའི་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ངོ་སྤྲོད་དང་རྩིས་སྤྲོད་གནང་བ་དེ་བོད་ཀྱི་མེས་པོ་ཚོས་ལོ་སྟོང་ཕྲག་རིང་ལྷག་བསམ་རྣམ་དག་གིས་བདག་པོ་བརྒྱབ་པ་རེད། དུས་ཀྱི་མཐའ་འདི་ལྟ་བུ་ཞིག་ལ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་བོད་སྐད་རང་གི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་བཤད་རྒྱུ་ཡོད་པ་ནི་བོད་པ་གཅིག་པུ་རེད། དེ་ང་རང་ཚོས་ཕྱོགས་གཅིག་ནས་བསྟན་པའི་ཞབས་འདེགས་སྒྲུབ་པ་རེད། བསྟན་པ་དང་འགྲོ་བའི་དོན་བྱེད་པའང་རེད། ཕྱོགས་གཉིས་ནས་ང་ཚོ་བོད་མི་རིགས་ཀྱི་རྣམ་དཔྱོད་ངོམ་པ་ལ་ང་ཚོའི་མེས་པོ་ཚོས་སངས་རྒྱས་ཀྱི་བསྟན་པ་སྔར་མེད་གསར་དུ་བཙུགས་ནས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་རྒྱ་གར་ནས་ཚུར་བསྒྱུར་བ་དང་། དེ་དག་གི་འགྲེལ་བ་པོ་ཏི་ཁྲི་ཕྲག་ཡོད་པ་བོད་པ་རང་གིས་བརྩམས་ནས་ཧ་ལས་པ་རེད། དེ་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ངོས་ཀྱིས་མགོ་ཁྲིད་ནས་སོ་སོ་ལའང་སྐུལ། ཁྱོད་རང་ཚོ་ཚང་མས་བསམ་པ་རྣམ་དག་བྱས་ཏེ་གཙོ་ཆེ་ཤོས་རིས་མེད་ཀྱི་བཤད་གྲྭ་ཁག་གིས་རྐང་ཁུར་ལེན་གྱི་ཡོད་པ་རེད། ཉེ་ལམ་ནུབ་ལ་དྭགས་ནས་ཤར་མོན་བར་དུ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པའི་ས་ཁུལ་དག་གིས་ཚོགས་ཆུང་ཞིག་བཙུགས་ནས་གུ་རུ་རིན་པོ་ཆེ་ཉེ་སྔོན་ལྡི་ལིར་ཐུག་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་དགོན་པ་ཚང་མ་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་བཟོ་རྒྱུ་ཡིན་ཞེས་ཚོགས་ཆུང་དེས་ངོས་ལ་བཤད་སོང་། ཧ་ཅང་དགའ་བོ་བྱུང་། འགྲིག་འདུག་མངོན་པར་བསྟོད་པ་ཡིན། ཚོགས་ཆུང་ཞིག་ཡོད་པས་ལ་དྭགས་ལ་ཚོགས་ཆུང་གི་མི་ཡོང་ནས་དམིགས་ཡུལ་གང་དག་ཡིན་པ་མང་ཚོགས་ལ་བཤད་ཐུབ་ན་ཡག་པོ་འདུག་ཅེས་བཤད་རྒྱུ་བྱུང་། གང་ལྟར་ཁུར་ཡག་པོ་ལེན་གྱི་འདུག ཧ་ཅང་ཡག་པོ་འདུག 

ཆོས་ལུགས་ཚང་མར་ངོས་ཀྱིས་གུས་པ་བྱེད་ཀྱི་ཡོད། ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མ་མིས་ཆོས་ལུགས་ཡིན་པས་མིར་སྐྱེས་པའི་སྐབས་ནས་རྩ་ཆེ་ཤོས་བྱམས་བརྩེ་ཆགས་ཡོད་པ་རེད། སྐྱེས་པའི་སྐབས་ནས་མི་ལ་བྱམས་བརྩེ་མེད་ན་ཕྲུ་གུ་འཚོ་མི་ཐུབ་པར་ཤི་འགྲོ་བ་རེད། བྱམས་བརྩེ་ལ་བརྟེན་ནས་མི་སྐྱེས་པ་དང་བྱམས་བརྩེ་ལ་བརྟེན་ནས་མི་འཚོ་བཞིན་ཡོད། དེར་བརྟེན། མིའི་ཆོས་ལུགས་ཚང་མས་བྱམས་བརྩེ་གཙོ་བོར་བྱས་ཏེ་བཤད་ཡོད་པ་ཧ་ཅང་གསལ་པ་རེད། ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པ་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་ཡོད་ཀྱང་ཆོས་ལུགས་བྱེད་མཁན་གྱིས་བྱམས་བརྩེ་གལ་ཆེན་པོར་མ་བརྩིས་པར་ཆོས་ལུགས་འཐེན་འཁྱེར་དང་ཞེན་ཁོག་བྱས་ཏེ་གསོད་རེས་གཏོང་མཁན་འདུག ཧ་ཅང་ཐབས་སྐྱོ་བོ་རེད། གང་ལྟར་ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པས་བྱམས་བརྩེ་བཤད་མཁན་ཤ་སྟག་རེད། ཡིན་ནའང་། རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཆེད་ཆོས་ལུགས་གཞན་པ་བཀའ་འདྲི་ཞུས་ན་དེ་འདྲི་རྒྱུ་ཡོད་པ་མ་རེད། དེ་དཀོན་མཆོག་རང་གིས་མཁྱེན་གྱི་རེད་ཟེར་བ་མ་གཏོགས་གང་ཡང་ཡོད་པ་རེད། དེ་མིན་དྲི་བ་དྲིས་ཆོག་གི་མ་རེད་ཟེར་གྱི་འདུག ནཱ་ལེནྡྲའི་ཆོས་རྒྱུད་ནི་བཅོམ་ལྡན་འདས་རང་གིས་ཀྱང་ང་ལ་དད་པ་བྱས་མོས་པ་བྱས་ཏེ་ངས་གང་བཤད་པ་བརྩི་དགོས་པ་མ་རེད། ངས་བཤད་ཡོད་པ་ལ་ཁྱོད་རང་ཚོས་བརྟག་དཔྱད་བྱོས། རྒྱུ་མཚན་ལྡན་པ་ཞིག་ཡོང་གི་འདུག་ཚེ་དེ་ཉམས་ལེན་བྱོས། དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད། 

དེར་བརྟེན་ནཱ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱིས་མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཀྱང་། དེ་སྒྲ་ཇི་བཞིན་པར་ཁས་བླངས་ཚེ་རིགས་པས་གནོད་ཀྱི་འདུག་ཅེས་སྒྲ་ཇི་བཞིན་པ་ཁས་ལེན་གྱི་ཡོད་པ་མ་རེད། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི།། དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད།། ཅེས་གསུངས་ཡོད། དེང་སང་འཛམ་གླིང་འདིར་ཚན་རིག་གི་འགྲོ་སྟངས་དེ་དད་པ་མིན་པར་རྩ་ཆེན་པོ་བྱས་ཏེ་བརྟག་དཔྱད་ཡང་ཡང་བྱས་ཏེ་འགྲོ་བཞིན་ཡོད་པ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པ་དེ་ནི་ཚན་རིག་གི་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་ཡོད། དེ་ལྟ་བུའི་ཆོས་བརྒྱུད་རྩ་ཆེན་པོ་དང་ཕན་ཐོགས་ཡོད་པ། བཤད་ན་བཤད་རྒྱུ་ཡོད་པ་གཞིའི་གནས་ཚུལ་འགྲེལ་བཤད་བརྒྱབ་ནས་བཤད་རྒྱུ་ཡོད་པ་དང་། གཞི་ཡི་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་སེམས་ལ་འགྱུར་བ་ཇི་ལྟར་གཏོང་དགོས་པ་སོགས་ཧ་ལས་པ་རེད། 

ཁྱོད་རང་ཚོས་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱས་ཏེ་བདག་པོ་བརྒྱག་གི་ཡིན་ཞེས་ཡི་གེ་ཞིག་འདུག དེ་ཧ་ཅང་ཡག་པོ་རེད། དེ་རིང་ཁྱོད་ཚོ་བོད་པ་མིན་པ་ཚོས་ཀྱང་གོང་དུ་བཤད་པ་ལྟར་སངས་རྒྱས་པའི་ཆོས་དང་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་སླེབས་སྐབས་བོད་སྐད་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་རེད། ང་ཚོ་བོད་པ་ལ་སོ་སོའི་སྐད་ཡིག་གི་ཆ་ནས་ཡིན་ནའང་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། བདག་པོ་བརྒྱབ་ན་བརྒྱབ་རིན་ཡོད་པ་ཞིག་དང་བོད་སྐད་དེ་བདག་པོ་ཡག་པོ་བརྒྱབ་ནས་དོན་དག་ཡག་པོ་ཞིག་ཤེས་ཚེ་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོད་པ་རེད། གཞན་བཤད་རྒྱུ་མེད། ཐུགས་རྗེ་ཆེ། ཞེས་དང་། ཀ་རྡོར་སྒང་གསུམ་ཞེས་དེ་སྔ་བོད་ནས་རྡོ་རྗེ་གླིང་སྐྱིད་པོ་ཡོད་པ་རེད། ཀ་ལོན་སྦུག་སྐྱིད་པོ་ཡོད་པ་རེད་ཅེས་ཆུང་ཆུང་སྐབས་ནས་གོ་སྡོད་ཀྱི་ཡོད། ཀ་ལོན་སྦུག་དང་རྡོ་རྗེ་གླིང་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་འདུག དེ་བཞིན་འབྲས་ལྗོངས་དང་ཀ་རྡོར་སྒང་གསུམ་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་འདུག དེ་རིང་འདིར་ཀ་རྡོར་སྒང་གསུམ་གྱི་ཐོག་ནས་བརྟན་བཞུགས་གནང་བ་རེད། དེ་བཞིན་ང་ཚོ་བོད་ཀྱི་ཆོལ་ཁ་སོ་སོའི་ཁུངས་ཀྱི་ཁྱོད་རང་ཚོས་བརྟན་བཞུགས་གནང་བ་རེད། ཁྱོད་རང་ཚོ་དམ་ཚིག་ལྡན་པ་རེད། ངོས་རང་སྤྱིར་འཛམ་གླིང་གི་སེམས་ཚང་མར་ཕན་ཐོགས་བྱེད་པ་ལ་བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། ཞེས་བརྗོད་མཁན་ཞིག་ཡིན་པའི་ཆ་ནས་འགྲོ་བ་མཆིས་སོ་ཅོག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ག་རེ་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱེད་ཀྱི་རེད། ཡང་སྒོས་སོ་སོའི་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཡོད་པ་ནི་བོད་གངས་ཅན་འདི་ཆགས་ཡོད། དེར་བརྟེན་ཁྱོད་རང་ཚོས་རེ་བ་བརྒྱབ་པ་ནང་བཞིན་ངོས་ཀྱི་ངོས་ནས་ཀྱང་ལོ་བརྒྱ་སྐོར་སྡོད་ཐུབ་པ་ཕལ་ཆེར་ཡོང་ཐུབ་པ་རེད། དེ་ལ་ངོས་རང་གིས་སྨོན་ལམ་རྒྱག་གི་ཡིན།  མཁྱེན་སོང་ངམ། 

དངོས་ཡོད་གནས་ཚུལ་ལ་རྒས་པོ་ཆགས་པ་ནི་ཆོས་ཉིད་རེད། ཚེ་རིང་པོ་སྡོད་ཀྱི་ཡིན་རྒས་པོ་ཆགས་ཀྱི་མིན་ཟེར་ན་ནོར་འཁྲུལ་རེད། ཚེ་རིང་པོར་བསྡད་ཚེ་རྒས་པོ་ཆགས་ཀྱི་རེད། ད་ལྟ་ལོ་བརྒྱད་ཅུ་གྱ་བཞི་ལ་སླེབས་ཏེ་དགེ་འདུན་གྲུབ་པའི་དགུང་ལོའི་ཚད་ལ་སླེབས་ཀྱི་ཡོད་པ་རེད། སྔ་མོ་ངོས་ཀྱིས་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ཅིག་སྡོད་ཐུབ་ཀྱི་རེད་ཅེས་བརྗོད་བཞིན་ཡོད། ད་ལྟ་དེ་ལ་ཕལ་ཆེར་སླེབས་ཡོད་ཀྱང་ཧམ་པ་ཏོག་ཙམ་ཆེ་རུ་ཕྱིན་ནས་བརྒྱ་སྐོར་སྡོད་ཀྱི་ཡིན་ཟེར་གྱི་ཡོད་པ་རེད།( བཞད་མོ་བཞད།) ངའི་ངོས་ནས་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་གྱི་འདུག ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱག་གི་ཡོད་པ་རེད།  ས་དང་ཆུ་དང་མེ་དང་རླུང༌།། སྨན་དང་དགོན་པའི་ཤིང་བཞིན་དུ།། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས།། རང་དགར་དགག་མེད་སྤྱད་བྱར་ཤོག། སྨོན་ལམ་འདི་བརྒྱག་གི་ཡོད་པ་རེད། དེ་ནང་བཞིན་ཁ་ཡོད་ལག་ཡོད་ལ་གང་ལ་གང་འཚམ་ཕན་ཐོགས་ཡོང་བཞིན་ཡོད་པས་ཕན་ཐོགས་ཡོང་ས་ལ་ཚེ་ག་ཚོད་རིང་པོ་ཆགས་ན་ཡག་པོ་རེད། མཁྱེན་སོང་ངམ། དེར་བརྟེན་ངོས་རང་གིས་ཀྱང་སེམས་ཤུགས་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་དང་དེ་ལ་རོགས་བྱེད་མཁན་སྟོང་ཉིད་ཀྱི་ལྟ་བ་གཉིས་ཀྱི་ཐོག་ནས་སེམས་ལ་ཞུམ་པ་ཁྱོན་ནས་མེད་པར་དུས་རྟག་ཏུ་སྤོབས་པ་ཞིག་སླེབས་ཀྱི་འདུག ང་རང་ངོས་ནས་ཧུར་ཐག་བྱེད་ཀྱི་ཡིན་ཁྱོད་རང་ཚོ་ཚང་མས་ཧུར་ཐག་བྱེད་དགོས་པ་རེད། ཐུགས་རྗེ་ཆེ།ཞེས་སོགས་བཀའ་སློབ་སྩལ་གྲུབ་མཚམས་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། ཀ་ཁྲི་སྒྲོག བདེན་ཚིག་སྨོན་ལམ་བཅས་གསུངས་རྗེས་བརྟན་བཞུགས་བསྟར་འབུལ་གནང་མཁན་འབྲེལ་ཡོད་ལས་བྱེད་རྣམས་དང་སྐུ་པར་ལྷན་སྒྲོན་གནང་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་གྱིས་བརྟན་བཞུགས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། 

བརྟན་བཞུགས་བསྟར་འབུལ་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་གདན་ས་ཁག་གི་མཁན་ལས་ཟུར་མང་པོས་གཙོས་གྲྭ་བཙུན་སྔགས་གསུམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ་དུ་མ་དང་། དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་བཅས་ཀྱི་བརྟན་བཞུགས་ལས་བྱེད་མི་གྲངས་ ༤༠༠ དང་། ཀ་རྡོར་སྒང་གསུམ་དང་རི་ཝང་ལ་བཅས་ཀྱི་མི་གྲངས་ ༢༠༠ རྒྱ་ཆེའི་མང་ཚོགས་བཅས་ཁྱོན་བསྡོམས་མི་གྲངས་སྟོང་ཕྲག་ལྔ་ཙམ་ཕེབས་ཡོད་པ་བཅས།།