དབུ་མ་འཇུག་པའི་གསུང་ཆོས་ཉིན་གཉིས་པ།

མདུན་ངོས། / དབུ་མ་འཇུག་པའི་གསུང་ཆོས་ཉིན་གཉིས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་བཅོ་བརྒྱད་མཉམ་དུ་འདུས་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བོད་རིགས་ཆོས་ཞུ་བ་གྲངས་ ༣༢༠༠  དང་། རྒྱ་གར་ཆོས་ཞུ་བ་གྲངས་ ༥༠༠ ཐའེ་ཝན་གྱི་ཆོས་ཞུ་བ་གྲངས་ ༡༠༠༠ དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ ༡༨༠༠ བརྒལ་བ་བཅས་ཁྱོན་ཆོས་ཞུ་བ་ ༦༥༠༠ བརྒལ་བར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་ཉིན་གཉིས་པར་སྔ་ལོ་ཕེབས་མེད་པ་མང་པོ་ཡོད་པ་ལ་བརྟེན་ནས་སླར་ཡར་དབུ་མ་འཇུག་པའི་དབུ་ནས་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་ཕོ་བྲང་སྒོ་ཆེན་དུ་འབྲུག་པ་སོགས་སྡེ་ཚན་ཁག་གཉིས་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཐེ་ལན་ཊི་ཡི་དགེ་འདུན་པ་ཁག་ཅིག་གིས་ཐའེ་ཡི་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱ་རིགས་ཆོས་ཞུ་བ་ཡོངས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས་༸གོང་ས་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེབོ་ངྷི་སྭཱཧཱ། ཞེས་སོགས་གསུངས་རྗེས་བཀའ་སློབ་སྩལ་དོན། 

ཁ་སང་སྐད་ཆ་བྱུང་བ་ནང་བཞིན་རེད། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་སངས་རྒྱས་ལོ་ ༢༦༠༠ གོང་ལ་ཁོང་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་བྱུང་བ་རེད། ཁོང་གི་རྗེས་འབྲང་མིའི་རྟེན་ཅན་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་དེ་ནས་མར་རིམ་པས་དངོས་རྒྱུད་ལ་བསླབ་པ་གསུམ་གྱི་ཉམས་བཞེས་ཀྱི་ཐོག་ནས་དངོས་གནས་རྟོགས་པ་མཐོན་པོ་ཡོད་པ། དེ་དག་གིས་ལུང་ལ་བརྟེན་ནས་སྔོན་ལ་ཐོས་བསམ་སྒོམ་ནས་བྱུང་བ་ཡིན་པས་སྡེ་སྣོད་གསུམ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་དང་། མདོར་ན། མཁས་གྲུབ་གཉིས་ལྡན་དག་གིས་སངས་རྒྱས་ཀྱི་བསྟན་པ་མི་རབས་ནས་མི་རབས་རྒྱུན་འཛིན་གནང་ནས་བྱུང་བ་རེད། དེ་ནས་རིམ་པས་རྒྱ་ནག་དང་ཤྲིལིངྒ། ཐའེ་ལན་བཅས་སུ་དར་བ་དང་། དེ་བཞིན་བོད་དང་སོག་པོའི་ཡུལ་གྲུ་ལ་དར་བ་དང་། རྒྱ་ནག་ནས་ཀོ་རུ་ཡ། ཝེ་དི་ནམ། ཉི་ཧོང་སོགས་གང་ལྟར་ཨེ་ཤ་ཡའི་ཡུལ་གྲུ་ཕལ་མོ་ཆེར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་འཕྲིན་ལས་ཀྱིས་ཁྱབ་བསྡད་པ་ཞིག་རེད། དུས་ད་ལྟ་ཡིན་ནའང་སངས་རྒྱས་ཀྱི་ཆོས་དང་། ལྷག་པར་དུ་དཔལ་ནཱལེནྡྲའི་ཆོས་བརྒྱུད་ལ་龙树菩萨 Lóng shù púsà ཞེས་ཁྱོད་རང་ཚོ་རྒྱ་ནག་གི་ཆོས་བརྒྱུད་འཛིན་མཁན་ཚོས་མཚོན་པའི་གང་ལྟར་ལེགས་སྦྱར་གྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་དག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཟེར་དུས་ཚང་མས་བརྩིས་བསྡད་པ་ཞིག་རེད། མཁས་པའི་དབང་པོ་འདི་དག་ག་འདྲ་ཞིག་ཡིན་པ་ཁོང་ཚོའི་གསུང་ལ་བལྟས་ནས་བཤད་རྒྱུ་ཞིག་རེད། 

སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་ལ་འཁོར་ལོ་དང་པོ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཁ་སང་ཞུས་པ་དེ་རེད། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་གསུང་སའི་གདུལ་བྱ་དག་བསམ་བློ་གཏོང་སྟངས་ཧ་ཅང་ཡར་རྒྱས་ཕྱིན་པའི་སྐབས་སུ་འགོག་བདེན་དང་ལམ་བདེན་སོགས་ཅི་ལྟ་བུ་ཡིན་པ་རྩད་གཅོད་བྱས་ཏེ་དེ་ཚོའི་ཐོག་ལ་མོས་པ་ཤུགས་ཆེན་པོ་ཡོད་པའམ་གདུལ་བྱ་སྨིན་ཡོང་བའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནས་བྱ་རྒོད་ཕུང་པོའི་རི་ལ་འཁོར་ལོ་བར་པ་ཤེར་ཕྱིན་གྱི་ཆོས་འཁོར་གསུངས་པ་རེད། ཤེར་ཕྱིན་གྱི་གཞུང་རྒྱས་བསྡུས་ཧ་ཅང་མང་པོ་ཡོད་པ་རེད། འདིར་ཁྱེད་རང་ཚོས་སྨོན་ལམ་རྒྱག་བཞིན་པའི་དུག་གསུམ་ཉོན་མོངས་སེལ་བར་ཤོག། ཅེས་ཉོན་མོངས་སེལ་བའི་སྨོན་ལམ་རྒྱག་གི་ཡོད་པ་རེད། ཉོན་མོངས་སེལ་བ་ལ་སྨོན་ལམ་བརྒྱབ་པ་གཅིག་པུའི་འགྲིག་གི་ཡོད་ཚེ། ཤེས་རབ་སྣང་བ་འབར་བར་ཤོག་ཟེར་བ་དགོས་པ་ཡོད་པ་མ་རེད། གང་ལྟར་ཉོན་མོངས་འདི་ཁ་སང་བཤད་ཟིན་པ་ལྟར། མ་རིག་པ་ནི་ཕྱིན་ཅི་ལོག་ལ་གཏོགས་པའི་བློ་ལོག་ཤེས་ཤིག་ཡིན་པས་འདི་བསལ་བ་ལ་ལོག་ཤེས་ཡིན་པ་ཤེས་པ་བྱས་ནས་དེའི་འཛིན་སྟངས་འགལ་བའི་བློ་ཅིག་གམ། ཤེས་རབ་ཀྱི་རྣམ་འབྱེད་ཅིག་སྐྱེས་ནས་དེའི་འཛིན་སྟངས་འགལ་བའི་སྒོ་ནས་གནོད་པ་ཞིག་ཡོང་གི་ཡོད་པས་ཤེས་རབ་ཀྱི་སྣང་བ་འབར་བ་ཤོག། དེ་ལ་ཕྱི་ནང་གི་འགལ་རྐྱེན་མི་ཡོང་བ་དང་། དེ་ལྟ་བུའི་ཆོས་རྣམས་ཀྱི་ཡིན་ལུགས་ཇི་བཞིན་ཤེས་པའི་ཤེས་རབ་ཀྱི་སྣང་བ་གཅིག་པུས་གཞན་དོན་རྒྱ་ཆེན་པོ་སྒྲུབ་ཐུབ་པ་ཡོང་གི་ཡོད་པ་མ་རེད། དཔེར་ན། ཉན་རང་འཕགས་པ་ཚོ་ཡིན་ནའང་སྟོང་ཉིད་མངོན་སུམ་དུ་རྟོགས་ཡོད་པ་རེད། གང་ལྟར་འཕགས་པ་ཡིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཁྱབ་པ་རེད། གཞན་དོན་རྒྱ་ཆེན་པོ་ཡོང་བ་ནི་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག་ཅེས་པ་འདི་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ཁྱོད་རང་ཚོས་སྨོན་ལམ་བརྒྱབ་པ་དེ་ཧ་ཅང་འདུས་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྒྱ་རིགས་ཚོས་རྒྱ་ཡིག་རང་གི་ཐོག་ནས་གཞུང་ཆེན་ཁག་སློབ་ཐུབ་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་དགོན་སྡེ་ཁག་སློབ་སྦྱོང་གི་ལྟེ་གནས་ཤིག་ཏུ་བཟོ་རྒྱུའི་འཆར་གཞི་ཡོད་པ་ནི་ཧ་ཅང་ཡག་པོ་ཡིན་པ་དང་། སློབ་སྦྱོང་བྱེད་རྒྱུ་ནི་མི་སྒེར་སོ་སོར་བལྟོས་ནས་ཀྱང་ཡག་པོ་ཡིན་པས་ཁྱོད་རང་ཚོ་གུང་སེང་སྐབས་སུ་མཉམ་དུ་བགྲོ་གླེང་དང་གོ་བསྡུར་བྱས་ཏེ་ཕན་ཐོགས་ཆེན་པོ་ཡོང་ངེས་ཞེས་སོགས་ཀྱི་བཀའ་སྩལ་བ་དང་། 

གཞན་ཡང་།  འདི་ལོ་འབྲུག་གི་བླ་མ་བྱང་གླིང་རིན་པོ་ཆེ་གསུང་ཆོས་སུ་ཕེབས་ཡོད་པས་དབུ་མ་འཇུག་པའི་གསུང་ཆོས་དབུ་ནས་སླར་ཡང་བཤད་ལུང་གནང་རྒྱུ་ཡིན་པའི་བཀའ་བཞེས་དང་འབྲེལ་བཀའ་སློབ་སྩལ་དོན།  དབུ་མ་འཇུག་པའི་ཆོས་འབྲེལ་བྱེད་ཀྱི་ཡོད་པ་རེད། དེ་རིང་འདིར་འབྲུག་ནས་རིན་པོ་ཆེ་སླེབས་ཡོད་པས་དབུ་མ་འཇུག་པ་མགོ་ནས་དཔྱད་པ་མང་པོ་མི་དགོས་པ་བྱས་ཏེ། ཐེངས་འདིར་དབུ་མ་འཇུག་པའི་བཤད་ལུང་ཆ་ཚང་ཞིག་ཚར་བ་བྱུང་ན་བསམ་པ་དྲན་སོང་།  ཁྱོད་རང་ཚོར་ཡང་དབུ་མ་འཇུག་པའི་བཤད་ལུང་ཆ་ཚང་ཞིག་ཐོོབ་འགྲོ་གི་རེད། དབུ་མ་འཇུག་པའི་ཞལ་ལུང་ངོས་ཀྱིས་ཡོངས་འཛིན་གླིང་རྡོ་རྗེ་འཆང་གི་སྐུ་མདུན་ནས་ཞུས་པ་རེད། དབུ་མ་འཇུག་པ། མངོན་རྟོགས་རྒྱན། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ་སོགས་ངོས་ཀྱིས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཞུས་པ་རེད། ཡོངས་འཛིན་རིན་པོ་ཆེས་མི་ཉག་རིན་པོ་ཆེ་ཞེས་སྐུ་འབུམ་གྱི་བླ་མ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཁོང་གི་སྐུ་མདུན་ནས་གསན་པ་རེད། དབུས་ཁུལ་ལ་བཤད་རྒྱུན་དཀོན་པོ་ཡིན་པ་དེ་ཚོ་མི་ཉག་རིན་པོ་ཆེའི་སྐུ་མདུན་ནས་གསན་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དབུ་མ་འཇུག་པའི་བཤད་ལུང་དབུ་འཛུགས་ཀྱིས་ཆུ་ཚོད་༡༡།༣༠ ཉིན་གཉིས་པའི་ཆོོས་འབྲེལ་གྲུབ་ཡོད་པ་བཅས།།