གཞོན་སྐྱེས་མགོ་ཁྲིད་ཚོའི་མཉམ་དུ་ཉིན་གཉིས་རིང་བགྲོ་གླེང་།

མདུན་ངོས། / གཞོན་སྐྱེས་མགོ་ཁྲིད་ཚོའི་མཉམ་དུ་ཉིན་གཉིས་རིང་བགྲོ་གླེང་།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་མཇལ་འཕྲད་ཁང་དུ་ཨ་རིའི་ཞི་བདེ་བསྟི་གནས་ཁང་(Unites States Institute of Peace)གིས་གོ་སྒྲིག་ཞུས་པ་ལྟར་གཞོན་སྐྱེས་མགོ་ཁྲིད་ཚོའི་མཉམ་དུ་ཉིན་གཉིས་རིང་བགྲོ་གླེང་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་སྟེགས་སུ་འཁོད་མཚམས་དྲག་གནོན་དང་ཟིང་འཁྲུག་ཆེ་བའི་ཡུལ་ལུང་སྟེ། ཨབ་གྷ་ནི་སི་ཐན། (Afghanistan)  དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ། (Central African Republic) ཁོ་ལིམ་བྷེ་ཡ། (Colombia)  དབྱི་རག (Iraq)  ལེ་བྷེ་ཡ། (Libya)  ནའེ་མཱར། (Myanmar) ནེ་གྷེ་རེ་འ། Nigeria  སོ་མ་ལེ་འ། (Somalia)  ལྷོ་སུའུ་ཏན། Sout Sudan སོ་རུ་ཡ། Syria ཊོ་ནེ་ཞེ་ཡ།(Tunisia) ཝེ་ནི་ཛུ་ལ། (Venezuela)  བཅས་རྒྱལ་ཁབ་ ༡༢ ནས་ཕེབས་པའི་གཞོན་སྐྱེས་ཞི་བདེའི་མགོ་ཁྲིད་ ༣༢ གྱིས་གཙོས་ཨ་རིའི་ཞི་བདེའི་བསྟི་གནས་ཁང་གི་བསམ་བློའི་སློབ་སྟོན་པ་མི་གྲངས་ ༧ དང་། གཞན་ཡང་། བསྟི་གནས་ཁང་གི་གཙོ་འཛིན་ Nancy Lindborg ལགས་གཙོས་དེ་གའི་ལས་བྱེད་ ༨ བཅས་བསྡོམས་པའི་མི་གྲངས་ ༤༥ ལ་མི་སྒེར་གྱི་དཀའ་ངལ་ལ་གདོང་ལེན་དང་སེམས་ཀྱི་ཞི་བདེའི་སྐོར་དང་། སྤྱི་ཚོགས་ཀྱི་མཐུན་ལམ་དང་ལྟ་བ་མི་འདྲ་བའི་དབར་འབྲེལ་མཐུད་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བགྲོ་གླེང་ཞུས་ཡོད་པ་རེད། 

དེ་ཡང་ཐོག་མར་གཞོན་སྐྱེས་མགོ་ཁྲིད་རྣམས་ཀྱིས་རིམ་པར་སོ་སོའི་ལོ་རྒྱུས་དང་རང་ཡུལ་དུ་ལས་འགུལ་སྤེལ་བའི་སྐོར་ནས་ངོ་སྤྲོད་མདོར་བསྡུས་རེ་བྱས་པ་དང་འབྲེལ་ལས་འགུལ་སྤེལ་སྐབས་རྒན་རབས་པ་དང་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་མེད་པ་དང་།  སེམས་ཤུགས་ཆགས་པ་ལ་གདོང་ལེན་ཅི་ལྟར་བྱེད་དགོས་པ། མགོན་པོ་གང་ཉིད་མཆོག་ལ་སེམས་ཤུགས་ཆགས་པའི་གནས་སྟངས་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཞུམ་སེམས་སྐྱེས་ཚེ་ཕོངས་པ་ལས་མི་ཐར་བས་གནས་ཚུལ་གང་ཡིན་ཡང་རེ་བ་མ་བརླག་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལ་རྒྱ་ཆེ་ས་ནས་བལྟས་ཏེ་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེ་བ་དང་། དངོས་ཡོད་གནས་ཚུལ་ཤེས་ཚེ་གུ་ཡངས་པོ་ཆགས་ཐུབ་པས་སེམས་རྒྱ་བསྐྱེད་ཐུབ་པ་ཡིན། སེམས་ཤུགས་མི་ཆགས་པའི་གནད་འགག་གཙོ་བོ་ནི་ཁྱོན་ཡོངས་ནས་བལྟ་སྟངས་ཤེས་དགོས་པ་དེ་ཡིན། ཞེས་དང་། 

བོད་ཀྱི་གནས་སྟངས་ལའང་མཚོན་ནའང་། ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་མ་ཐག་འབྲེལ་བ་འཛིན་མཁན་ནམ་ཡ་བྱེད་མཁན་མང་པོ་མེད་པ་དང་། སྐབས་དེར་ང་ཚོས་སོ་སོའི་རིག་གཞུང་ལ་བདག་པོ་བརྒྱབ་སྟེ་དང་པོ་སྲུང་སྐྱོབ་བྱས་པ་དང་། རིམ་པས་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐེངས་དང་པོར་ཕྱིན་པ་ནས་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཤེས་པས་སེམས་ཤུགས་བསྐྱེད་པ་སོགས་སོ་སོའི་ལས་ཀར་རིན་ཐང་མཐོང་བའི་ཐོག་ནས་འཇུག་པ་ཡིན་ན་སེམས་ཤུགས་མི་ཆགས་པའི་སྐོར་བཀའ་སྩལ་བ་དང་། 

གཞན་ཡང་། སོ་སོ་གཅིག་པུའམ་རང་དོན་ཡིད་བྱེད་ཁོ་ནའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཕན་ཐོགས་མེད་པས། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་སྤྱི་ཚོགས་ཡོངས་ལ་ཞབས་འདེགས་སྒྲུབ་པ་ཡིན་ན་རྣམ་དཔྱོད་ཅན་གྱི་རང་དོན་སྒྲུབ་སྟངས་ཡིན་པ་དང་། རང་གཅིག་པུའི་དོན་ཁོ་ན་གཉེར་ཚེ་ཕྲག་དོག་དང་ཁོང་ཁྲོ་སོགས་མ་སྐྱིད་པ་མང་པོ་ཡོང་ངེས་ཡིན་པས་རང་དོན་སྒྲུབ་ནའང་། རྣམ་དཔྱོད་ཅན་གྱི་གཞན་དོན་སྒྲུབ་ཚེ་རང་དོན་ཞོར་ནས་འགྲུབ་ཡོང་བ་སོགས་ལམ་སྟོན་བཀའ་སློབ་སྩལ་བ་དང་། ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཞི་བདེའི་མགོ་ཁྲིད་ཀྱི་བགྲོ་གླེང་ལྷན་བཅར་བ་ཡོངས་ལྷན་དུ་ཉིན་གུང་གསོལ་ཚིགས་གནང་ཡོད་པ་རེད། 

ཚེས་ ༢༥ ཉིན་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བའི་དཀའ་རྙོག་ཅེས་པ་དང་། གཞོན་སྐྱེས་ཚོས་ཞི་བདེའི་མགོ་ཁྲིད་བྱེད་ཕྱོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ཨ་རིའི་ཞི་བདེ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་གཞོན་སྐྱེས་ཞི་བདེའི་མགོ་ཁྲིད་མཁན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བགྲོ་གླེང་ཐེངས་བཞི་ཞུས་ཡོད་པ་དང་། དེ་ཡང་ཨ་རིའི་ཞི་བདེ་བསྟི་གནས་ཁང་དུ་ཐེངས་གཅིག་དང་། བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་ཐེངས་གསུམ་གནང་ཡོད་པ་བཅས།།