སྡེ་སྣོད་གསུམ་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ལ་དབུ་བཞུགས་མཛད་པ།

མདུན་ངོས། / སྡེ་སྣོད་གསུམ་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ལ་དབུ་བཞུགས་མཛད་པ།

༄༅། །ཕྱི་ལོ་༢༠༡༨ ཟླ་ ༡༢ ཚེས་༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝ་ཙ་པ་དགོན་པ།(Watpa Temple) ཏཱ་ལའི་བླ་མའི་དགེ་རྩ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་སྡེ་སྣོད་གསུམ་གྱི་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ལ་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་༩།༠༠ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་བྱང་རྩེ་ཆོས་རྗེ་མཆོག་ལ་མཇལ་ཁ་སྩལ་རྗེས་ཆིབས་འཁོར་ལ་བཞུགས་ནས་ཝ་ཌ་པ་དགོན་པར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཐེ་ཡི་སྲོལ་རྒྱུན་ལྟར་ཕེབས་བསུ་ཟབ་རྒྱས་དང་བཅས་དགོན་པ་དེ་གའི་ལྷ་ཁང་གཙོ་བོའི་ནང་ཆིབས་བསྒྱུར་གྱིས་མར་མེ་ཞལ་འབྱེད་དང་གནས་གཟིགས་གནང་བ་དང་། དེ་ནས་འགྲེམས་སྟོན་ཁང་དང་ཚོགས་ཁང་གསར་བཞེངས་ཀྱི་རྩིག་རྨང་འཇོག་གནང་མཛད་རྗེས་ཆུ་ཚོད་༩།༣༠ ཙམ་ལ་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་སྡེ་སྣོད་གསུམ་གྱི་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུའི་གཙོ་མགོན་དུ་༸ཞབས་སོར་བཀོད་མཚམས་པཱ་ལིའི་སྐད་དུ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་(Manglacharan)གསུངས་འདོན་དང་། དེ་ནས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་ཝ་ཌ་པ་དགོན་པའི་སྤྱི་ཁྱབ་དྲུང་ཆེ་ Dr.Ratneswar Chakma ལགས་ཀྱིས་ཕེབས་བསུ་དང་འབྲེལ་མཐུན་འགྱུར་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་བ་དང་། དེ་ནས་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ཚོགས་ཞུགས་གནང་མཁན་ཡོངས་ལ་འཚམ་འདྲི་དང་འབྲེལ་སངས་རྒྱས་ཀྱི་བསྟན་པ་ནི་ཀུན་ནས་འབྱུང་བའི་ཕྱོགས་ཀྱི་བསྟན་པ་དང་། རྣམ་བྱང་ཕྱོགས་ཀྱི་བསྟན་པ་གཉིས་སུ་འདུས་པ་དང་། ནང་པའི་ཆོས་ཀྱི་འཕེལ་རིམ། གཞན་ཡང་མ་འོངས་པར་འདུལ་བའི་སྐོར་སོགས་ལའང་བགྲོ་གླེང་གནང་རྒྱུ་ཡིན་སྐོར་གསུང་བཤད་གནང་།

དེ་ནས་ཐེ་ལན་གྱི་ནང་པའི་དབུ་ཁྲིད་ Phrapromwachirayan prasit Suddhibandhu མཆོག་གིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་འབྲེལ་ཚོགས་འདུར་ཕེབས་པ་ཡོངས་ལ་འཚམ་འདྲི་དང་འབྲེལ་གསུང་བཤད་གནང་དོན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ ༢༥༦༡ འཁོར་བའི་ལོ་འདིར་རྡོར་གདན་ཝ་ཌ་པ་རུ་ང་ཚོ་མཉམ་དུ་འཛོམས་ཐུབ་པ་བྱུང་ཡོད་པ་རེད། ཅེས་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐེག་པ་ཆེ་ཆུང་གི་དབྱེ་འབྱེད་མེད་པར་རང་རང་སོ་སོའི་ཆོས་བརྒྱུད་ཐོག་ནས་སློབ་གཉེར་གནང་རྒྱུ་དང་། སྐྱ་སེར་ཕོ་བོ་དབྱེ་བ་མེད་པར་ཕན་ཚུན་ལ་བློ་བསྐྱེད་གནང་རྒྱུ་གལ་ཆེན་པོ་ཡིན་པ་དགོངས་ཀྱི་ཡོད། སྡེ་སྣོད་གསུམ་ནི་མིའི་རིགས་སུ་གྱུར་པ་ཡོངས་ལ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་གསུང་རབ་ཅིག་ཡིན། དམིགས་བསལ་གྱིས་འདུལ་བ་དང་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ། རྟེན་ཅིང་འབྲེལ་འབྱུང་གི་ལྟ་བ། མི་རྟག་པ་དང་སྡུག་བསྔལ་བ། བདག་མེད་པ་སོགས་བདེན་པ་བཞི་དང་འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྡེ་སྣོད་གསུམ་ནི་བཅོམ་ལྡན་འདས་ཀྱི་གསུང་ཚུར་བསྡུས་པ་ཞིག་དང་ནང་པའི་ཆོས་ཀྱི་སྙིང་པོ་འདུས་ཡོད་པ་ཞིག་ཡིན། ད་ལྟའི་བར་དུ་ལོ་ ༢༥༠༠ ལྷག་གི་རིང་ལ་ང་ཚོས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད་པ་རེད། 

བཅོམ་ལྡན་འདས་ནི་སྨན་པ་དང་ཆོས་ནི་འགྲོ་བ་ཡོངས་ལ་སྨན་ལྟ་བུ་ཆགས་ཀྱི་ཡོད་པ་རེད། སྨན་པ་ཡག་པོ་ཡོད་མེད་ནི་སྨན་པར་བསྟེན་མཁན་གྱིས་བཤད་ཐུབ་པ་ཞིག་ཆགས་ཀྱི་ཡོད། དེང་སང་མི་རྣམས་ནད་འདྲ་མིན་གྱིས་མནར་ནས་བསྡད་ཡོད། ནད་འདི་ཡོང་བའི་རྒྱུ་སྲེད་པ་དང་ཆགས་སེམས། འདོད་རྔམས། ཁོང་ཁྲོ། དེ་བཞིན་འཁྲུལ་བ་སོགས་ཉོན་མོངས་ཀྱི་རིགས་སུ་གྱུར་བའི་ནད་ལ་བརྟེན་ནས་འཛམ་གླིང་འདིར་དམག་འཁྲུགས་སོགས་བྱུང་བཞིན་ཡོད། དེ་སེལ་བའི་ཆེད་དུ་ཞི་བདེའི་ཐབས་ལམ་ཞིག་མ་བརྟེན་ཚེ་འགྲོ་བ་མིའི་ཚང་མ་མེད་པ་ཆགས་པའི་ཉེན་ཁ་ཡོད། ནང་པའི་ཆོས་ནི་སྨན་བཟང་པོ་ཞིག་ཡིན་པས་ནད་དེ་དག་ཞི་སྟེ་འཛམ་གླིང་ཡོངས་ལ་རེ་བ་དང་བདེ་སྐྱིད། ཚེ་རིང་ནད་མེད་ཡོང་བའི་རྐྱེན་བྱེད་ཀྱི་རེད། ཅེས་སོགས་གསུང་བཤད་གནང་དང་།  

དེ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཐའེ་ལན་ཌའི་ཝ་ཌ་པ་དགོན་པའི་མཁན་པོ་ Phra Bhodhinandhamunee མཆོག་གིས་སྐྱབས་འགྲོ་གསུང་འདོན་དང་འབྲེལ་སངས་རྒྱས་ཆོས་དང་དགེ་འདུན་འཛམ་གླིང་དུ་ཡོད་ཚེ་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཡོང་གི་རེད། ད་ལྟའི་དུས་ཚོད་འདིར་འཁྲུག་རྩོད་མང་པོ་བྱུང་བསྡད་ཡོད། དེ་རིང་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་དང་ཐེ་ཡི་ཆོས་བརྒྱུད་འཛིན་མཁན་མཉམ་དུ་འཛོམས་ཐུབ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་ཕེབས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་ཚིག་གིས་མཚོན་དཀའ་བ་ཞིག་རེད། འདིར་ཚོགས་འདུ་ཚོགས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བགྲོ་གླེང་གནང་ཆེད་འཛོམས་པ་ཡིན་པས་གང་ལེགས་ལེགས་ཀྱིས་གསུང་བཤད་གནང་རོགས། རྣམ་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དང་པོ་ངའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་དྲུང་དུ་གུས་འདུད་ཞུ་རྒྱུ་ཡིན་ཞེས་སོགས་མཐུན་འགྱུར་གནང་མཁན་དང་ཚོགས་འདུར་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། 

གཞན་ཡང་། བཅོམ་ལྡན་འདས་ནས་བརྒྱུད་པའི་ཆོས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལ་མངའ་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་མ་ཟད། ད་ལྟའི་ང་རང་ཚོའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆགས་ཡོད། ང་རང་གིས་ཐེ་ལན་གྱི་ཆོས་བརྒྱུད་ལོ་སུམ་ཅུ་ཙམ་རིང་ཉམས་ལེན་གནང་ཡོད། ད་ལྟའི་འཁྲུག་རྩོད་ལྡན་པའི་དུས་སྐབས་འདི་ལ་བཅོམ་ལྡན་འདས་ཀྱི་ཆོས་ནི་དམིགས་བསལ་གྱིས་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། ཝ་ཌི་པ་དགོན་པ་འདིར་ད་ལོའི་ཟླ་ ༡ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་ནས་བྱིན་རླབས་གནང་ཡོད། དེ་དུས་ཀྱི་གསོལ་ཚིགས་སྐབས་སུ་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཆམ་མཐུན་དང་ཆིག་སྒྲིལ་ཡོང་བའི་འདོད་པ་ཡོད་ན་འདི་ལྟ་བུའི་མཁས་པའི་བགྲོ་གླེང་ཚུགས་དགོས་པ་རེད། དེའི་སྟེང་ཐེ་ཡི་སློབ་ཕྲུག་ཁ་ཤས་རྡ་རམ་ས་ལར་བོད་ཀྱི་སྐད་དང་ཆོས་སློབ་སྦྱོང་གནང་ཆེད་གཏོང་དགོས་པ་དང་། བོད་ཀྱི་སློབ་ཕྲུག་ཁ་ཤས་ཐེ་ལན་ལ་བཏང་ནས་ཐེ་ཡི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་དགོས་ཞེས་བཀའ་ཕེབས་སོང་། ཐེ་ལན་དང་བོད་དབར་འཆམ་མཐུན་ཡོང་ཆེད་དེ་ལྟར་གནང་དགོས་གསུངས་པས་དེ་ངའི་སེམས་ལ་བཞག་ནས་དེ་རིང་ཚོགས་འདུ་འདི་བསྐོང་བའི་འབད་བརྩོན་བྱས་པ་ཡིན། ཞེས་སོགས་གསུང་བཤད་གནང་།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། དེ་རིང་འདིར་འཕགས་པ་གནས་བརྟན་པའི་སྡེ་པ་ནི་པཱ་ལིའི་གཞུང་གཙོ་འདོན་གནང་མཁན་ཞིག་ཆགས་ཡོད་པ་རེད། བོད་དང་རྒྱ་ནག ཆེན་པོ་ཧོར་གྱི་ཡུལ་བཅས་རྒྱ་ནག་ནས་ཉི་ཧོང་། ཀོ་རི་ཡ། ཝེ་དུ་ནམ་རྣམས་ནི་ལེགས་སྦྱར་འཛིན་མཁན་དང་། འདུལ་བའི་སྡོམ་རྒྱུན་དེ་རྒྱ་ནག་ལ་ཆོས་སྲུང་སྡེ་བ་སོགས་མི་འདྲ་བ་ཁ་ཤས་ཤིག་འདུག བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་དགེ་སློང་གི་སྡོམ་རྒྱུན་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་མཁན་ཆེན་ཞི་བ་འཚོ་ནས་རྒྱུད་པ་རེད། མཁན་ཆེན་ཞི་བ་འཚོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ཆགས་ཡོད། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ་ཕྱག་ལེན་མི་འདྲ་བ་སྡེ་བ་བཅོ་བརྒྱད་དང་། རྩ་བའི་སྡེ་བ་བཞི་རེད། དེའི་ནང་གི་བོད་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་རེད། སྟོན་པ་བཅོམ་ལྡན་འདས་ཁོང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་འཁོར་ལྔ་སྡེ་ལ་ཤམ་ཐམས་ཟླུམ་པོར་བགོ་བར་བྱའོ་གསུངས་པ་རེད། གང་ལྟར་རབ་བྱུང་གི་གོས་གྱོན་སྟངས་འདུལ་བའི་འགྲོ་སྟངས་དང་པོ་དེ་གསུངས་འདུག དེ་བཞིན་བཅོམ་ལྡན་འདས་མྱ་ངན་ལས་འདས་ཁར། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པར།། ནན་ཏན་དགེ་སློང་ཚོགས་འདུན་བསྟོད།། ཅེས་མ་འོངས་པར་སོ་སོར་ཐར་བ་ངའི་ཚབ་ཡིན་གསུངས་འདུག དེར་བརྟེན། སངས་རྒྱས་ཀྱི་བསྟན་པ་གཙོ་བོ་འདུལ་བ་འཛིན་པའི་ཞབས་ཟིན་པ་གསུངས་ཡོད། དེ་ཧ་ཅང་གསལ་བོ་རེད། 

བཅོམ་ལྡན་འདས་ཀྱི་ཆོས་ནི་ཐར་བ་སྒྲུབ་པའི་དོན་དུ་དམིགས་པ་ཞིག་རེད། ཐར་བ་ཐོབ་པ་ལ་ཉོན་མོངས་སྤོང་དགོས་པ་དང་། ཉོན་མོངས་སྤངས་བ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤོང་དགོས་པ་མ་གཏོགས་ཏིང་ངེ་འཛིན་གྱི་བསླབ་པས་སྤོང་ཐུབ་ཀྱི་མ་རེད། བསླབ་པ་གསུམ་གྱི་ནང་ནས་ཤེས་རབ་ཀྱི་བསླབ་པ་གཙོ་བོ་རེད། ཤེས་རབ་ཀྱི་བསླབ་པ་ལ་ད་ལྟའི་རྣམ་རྟོག་གི་གཞན་དབང་དུ་སོང་ནས་བློ་རྒྱ་ཡན་དུ་འགྲོ་བཞིན་པ་དེས་སྟོང་ཉིད་ལ་བསམ་བློ་བཏང་བ་ཡིན་ནའང་། ཡུན་ཙམ་ཡུན་ཙམ་སྟོང་ཉིད་ཀྱི་སྟེང་དུ་འདུག་ཐུབ་ཀྱང་། རྩེ་གཅིག་ཏུ་གནས་ནས་རིམ་བཞིན་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ཐོབ་རྒྱུ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་ཏིང་ངེ་འཛིན་གྱིས་གྲོགས་མ་བྱས་ན་ཡོང་ཐུབ་མི་འདུག ཏིང་ངེ་འཛིན་གྱི་གྲོགས་ཡོང་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པས་དྲན་ཤེས་བག་ཡོད་ཡག་པོ་བསྟེན་པ་དང་། དྲན་ཤེས་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་ནས་དྲན་པའི་སྟོབས་ཀྱིས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་འགྲུབ་ཀྱི་ཡོད།

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འགྲོ་སྟངས་དེ་བཅོམ་ལྡན་འདས་རང་གིས་ཀྱང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་གསུངས་འདུག ཞེ་ས་མ་ཞུས་ན། འཛམ་གླིང་འདིར་རྙོག་དྲ་དང་བཀྲ་མ་ཤིས་པ་ཧ་ཅང་མང་པོ་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་གི་ངོས་ནས་བཤད་དགོས་བྱུང་ན་འཇིག་རྟེན་བཀོད་པ་པོས་འདི་དག་མ་དགོངས་པ་ལྟ་བུ་འདུག བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ གོང་ནས་འགན་དེ་ང་ཚོར་གནང་ཡོད་པ་མ་གཏོགས། བཅོམ་ལྡན་འདས་ཁོང་ལ་འགན་མི་འདུག ཅེས་དང་། 

གཞན་ཡང་། བཅོམ་ལྡན་འདས་ཀྱིས་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་སེམས་ཅན་གྱི་དོན་འབའ་ཞིག་དགོངས་པ་ཞིག་རེད། སེམས་ཅན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་རེད། སྡིག་པ་ཆུ་ཡིས་འཁྲུ་རྒྱུ་མེད་པ་དང་། སྡུག་བསྔལ་ཕྱག་གིས་སེལ་རྒྱུ་མེད་པ་རེད། ཁོང་གི་ཐུགས་རྒྱུད་ཀྱི་རྟོགས་པ་ཡོན་ཏན་མི་ལ་གནང་རྒྱུ་ཡོད་པ་མ་རེད། འོ་ན་སེམས་ཅན་གྱི་དོན་ཇི་ལྟར་མཛད་ཀྱི་ཡོད་པ་རེད་ཟེར་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། བཅོམ་ལྡན་འདས་ཁོང་སྔོན་བསླབ་པ་ལམ་གྱི་གནས་སྐབས་ནས་རིམ་བཞིན་ས་ལམ་གྱི་རྟོགས་པ་གྲོལ་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། དེ་ཐབས་དང་ཤེས་རབ་ཇི་འདྲ་ཞིག་གི་ཐོག་ནས་མངོན་པར་སངས་རྒྱས་པ་ཁོང་གི་ཉམས་མྱོང་གི་ཐོག་ནས་རྗེས་མཇུག་གི་གདུལ་བྱ་ལ་གསུངས་པ་ཞིག་ཡིན་པ་རེད། གང་ལྟར་ངོས་ཀྱིས་ཞུ་བའི་སྙིང་པོ་ནི་སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་ཀྱི་གཞི་རྩ་གཙོ་བོ་ནི་གང་དུ་གཞི་གསུམ་གྱི་ཆོ་ག་ཡོད་པ་དེ་ལ་བཅོམ་ལྡན་འདས་ཐུགས་བློས་ཆུང་ངུར་བཞུགས་ཀྱི་ཡོད། གཞི་གསུམ་གྱི་ཆོ་ག་ནི་འདུལ་བ་འཛིན་པས་གནང་གི་ཡོད། དེར་བརྟེན། འདུལ་བ་འཛིན་པ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་རྨང་གཞི་ཆགས་ཡོད། འདུལ་བ་འཛིན་པའི་རྨང་གཞི་ཡག་པོ་མེད་ཚེ་གནམ་ལ་འཕུར་བ་དང་ས་ལ་འཛུལ་བ་སོགས་ཅི་འདྲ་ཡོད་ཀྱང་བསྟན་པ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ཚེ་ལྡེང་གི་ཡོད་པ་མ་རེད། 

ངོས་ཀྱིས་ནམ་རྒྱུན་ཡོངས་གྲགས་བཤད་བཞིན་པ་ནི། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་གསང་སྔགས་ཀྱི་ཆོས་ནི་གང་ཟག་སྒོས་བཙན་དང་། གང་ཟག་བྱེ་བྲག་པ་སོ་སོར་བཅོམ་ལྡན་འདས་མཆོག་གི་སྤྲུལ་སྐུའི་རྣམ་པ་དེ་འགྱུར་ནས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པ་ལ་ཤར་ནས་གདུལ་བྱའི་ཁམས་མི་འདྲ་བ། བག་ལ་ཉལ་མི་འདྲ་བ་སོ་སོར་ཁམས་དང་མཐུན་པ་ཞིག་གི་རྒྱུད་སྡེ་སྐོར་གསུངས་འདུག དེ་གང་ཟག་སྒོས་བཙན་རེད། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་ནས་བཟུང་ཆོས་འཁོར་དག་ཡོངས་གྲགས་ཀྱིས་གསུངས་པ་ཞིག་རེད་མ་གཏོགས་གང་ཟག་སྒོས་ཀྱི་དབང་དུ་བྱས་ནས་གསུངས་མི་འདུག གསང་སྔགས་གང་ཟག་སྒོས་བཙན་ཡིིན་པའི་རྒྱུ་མཚན་གསལ་བོ་གཅིག་ནི། རྒྱུད་སྡེ་སོ་སོའི་ནང་དུ་ལྷ་འདྲ་མིན་ཧ་ཅང་མང་པོ་ཐོན་ཡོང་གི་འདུག དེར་བརྟེན། ཞི་ཁྲོས་རྣམ་པ་འདྲ་མིན་མང་པོ་ཡོད་པ་དེ་དག་ནི་གང་ཟག་སྒོས་བཙན་བྱས་ཏེ་གང་ཟག་རིགས་འགའ་ཤས་ཡི་དམ་གྱི་རྣམ་འགྱུར་རིགས་མི་འདྲ་བ་ཞིག་ཡོད་ན་རན་པ་དང་ཕན་པ་དང་། གལ་ཆེ་ཤོས་སྔགས་བླ་མེད་ཀྱི་སྐོར་རེད། སྔགས་བླ་མེད་སྐོར་ལ་རྩ་རླུང་གི་ཉམས་ལེན་བྱེད་སྐབས་རྩ་ཡི་གནས་སྟངས་མི་འདྲ་བ་དང་། རླུང་གི་གནས་སྟངས་མི་འདྲ་བ་དང་བསྟུན་ནས་རྒྱུད་སྡེ་སོ་སོ་གསུངས་ཡོད་ཚུལ་བཀའ་གནང་བ་དང་།

མུ་མཐུད་འཁོར་ལོ་དང་པོ་དང་གཉིས་པ་ནི་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ཏེ་གསུངས་འདུག གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པ་དག་ཧ་ཅང་ཟབ་མོ་ཡོད་ཀྱང་། གཙོ་བོ་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་གསུངས་པ་དེ་རྨང་གཞི་ལ་ཡོད་པའི་ཐོག་ནས་གང་ཟག་སྒོས་བཙན་གྱི་གསང་སྔགས་ཀྱི་ཉམས་ལེན་ཡོད་པ་ཡིན་ན་དངོས་གནས་ཁྱད་ཆོས་ཡོད་པ་རེད། གང་ལྟར་སངས་རྒྱས་པའི་ཆོས་འཛིན་མཁན་ཚང་མས་རྩ་བ་འཛིན་ས་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པའི་ནང་ནས་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་དགེ་སློང་གི་བསླབ་ཁྲིམས་ནི་གཙོ་བོ་རེད། དེར་བརྟེན། འབར་མ་དང་ཐེ་ལན། ཁམ་པོ་ཊི་ཡ། ལའོ་སི། ཤྲིལིངྐ་སོགས་འདུལ་བའི་ཉམས་བཞེས་ཧ་ཅང་ཡག་པོ་ཡོད་པ་རེད། འདི་དག་ནི་ང་ཚོ་ཚང་མ་གཅིག་གྱུར་ཆགས་ཡོད། སྡེ་བ་མི་འདྲ་བ་རེད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སོ་སོར་ཐར་པའི་མདོ་དེ་ལེགས་སྦྱར་སྐད་དུ་ཡོད་པ་རེད། དེའི་དགོངས་འགྲེལ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་སོགས་ཀྱིས་ལེགས་སྦྱར་ནང་མཛད་ཡོད་པ་རེད། ང་ཚོས་གཙོ་བོ་དེ་དག་ལ་བལྟ་བཞིན་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་གྲུབ་མཚམས་ཝ་ཊ་པ་དགོན་པའི་ཐི་ལོ་གསར་པ་ཞིག་དབུ་འབྱེད་མཛད་རྗེས་ཐེ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་དགོན་པ་དེ་གར་ཉིན་གུང་ལྗགས་སྨིན་གནང་བ་དང་། དེ་ནས་བགྲོ་གླེང་དུ་ཕེབས་པའི་ཚོགས་བཅར་བ་སོགས་ཀྱི་ལྷན་དུ་སྐུ་པར་སྒྲོན་རྗེས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།