འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དགའ་ལྡན་ཤར་བྱང་གཉིས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ནས་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་བོད་དང་འབྲུག་པ། ཝི་དི་ནམ། ཉི་ཧོང་བ། རྒྱ་རིགས་སོགས་མི་བརྒྱ་ཕྲག་མ་ཟིན་ཙམ་ལ་མཇལ་ཁ་སྩལ་བ་དང་། དེ་རྗེས༸ཞབས་ཐང་གིས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ་རྒྱ་གར་དང་ཐའེ། འབར་མ། ཅང་མ། བྷང་ལ་རྡེ་ཤཱི་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་། དེ་ནས་རྒྱ་གར་སློབ་ཕྲུག་བུ་མོ་བཅུ་གྲངས་ཀྱིས་ལེགས་སྦྱར་གྱི་སྐད་ཐོག་ཤེར་སྙིང་གསུང་འདོན་དང་། རྒྱ་རིགས་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེར་རབ་སྙིང་པོ་གསུང་འདོན་གནང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་ཉིན་མོ་ཡིན་པས་འདས་མཆོད་དུ་བཟང་སྤྱོད་སྨོན་ལམ་གསུངས་དགོས་ཞེས་བཀའ་ཕེབས་པ་དང་འབྲེལ་སྨོན་ལམ་གསུངས་འདོན་གནང་གྲུབ་མཚམས། ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་དབུ་འཛུགས་ཀྱིས་འཇམ་དབྱངས་དཔའ་གཅིག་དང་འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ་བཅས་རིམ་པར་སྩལ་ཏེ་ཆུ་ཚོད་༡༡།༣༠ ཙམ་ལ་གསུང་ཆོས་ཉིན་དང་པོའི་གནང་སྒོ་ལེགས་པར་གྲུབ་པ་དང་། དམིགས་བརྩེ་མ་དང་ཨོཾ་ཨ་ར་པ་ཙ་ན་དྷཱིཿཕྲེང་སྐོར་རེ་ཉིན་རེར་ཕྲེང་གསོག་བྱེད་དགོས་སྐོར་བཀའ་ཕེབས།  

འཇམ་དབྱངས་ཆོས་སྐོར་ནི་རྗེ་བཙུན་འཇམ་པའི་དབྱངས་དང་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། སྔོན་འགྲོར་དབང་ཆེན་གཅིག་འགྲོ་དགོས་པ་ལྟར་ཚེས་ ༢༦ ཉིན་འཇིགས་བྱེད་དཔའ་བོ་གཅིག་གི་དབང་སྩལ་ཡོད་པ་རེད། འཇམ་དབྱངས་ཆོས་སྐོར་ཞུས་པ་ཡིན་ན་ཤེས་རབ་ཆེ་བ། མྱུར་བ། ཟབ་པ། གསལ་བ། འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་བཅས་འཕེལ་བ་ལ་བྱིན་རླབས་ཁྱད་པར་ཞིག་ཡིན་འདུག་པ་དང་། ཚེས་ ༢༩ ཉིན་རྗེ་བཙུན་མ་ནག་མོའི་དབང་དང་བདེ་མཆོག་ཚེ་ལྷ་དཀར་པོ། ནོར་ལྷ་སྒྲོལ་དཀར་བཅས་སྩལ་རྒྱུ་དང་། ཚེས་ ༣༠ ཉིན་ཆོས་རྒྱལ་ནང་སྒྲུབ་དང་ཆོས་རྒྱལ་ཕྱི་སྒྲུབ། ཆོས་རྒྱལ་ཕྱི་སྒྲུབ་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཅས།