མ་བུའི་བར་གྱི་དུངས་སེམས་འདི་ནི་རང་བཞིན་གྱིས་འབྱུང་གི་ཡོད།

མདུན་ངོས། / མ་བུའི་བར་གྱི་དུངས་སེམས་འདི་ནི་རང་བཞིན་གྱིས་འབྱུང་གི་ཡོད།

ངོས་རང་གི་ལྟ་ཚུལ་ལ། བརྩེ་བ་དང་བྱམས་སྐྱོང་ལ་ཡི་རང་བྱེད་པ་འདི་ནི། ང་ཚོ་མ་སྐྱེས་གོང་དུ་གྲུབ་ཡོད་པ་ཞིག་ཡིན་ཞིང༌། ངོས་ཀྱི་གྲོགས་པོ་ཚན་རིག་པ་འགས་བརྗོད་དོན་ལྟར་ན། ཨ་མའི་སེམས་ཀྱི་བདེ་ཐང་གིས་མངལ་གྱི་ཕྲུ་གུའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་དང༌། གལ་ཏེ་ཨ་མའི་སེམས་ཞི་ལྷོད་བག་ཕེབས་སུ་གནས་ན། བཙའ་རྒྱུ་ཡིན་པའི་ཕྲུ་གུ་ལ་ཕན་པ་ཆེ་བ་སོགས་སྟོན་པའི་ཚན་རིག་གི་བདེན་དཔང་ཁུངས་བཙན་པོ་ཡོད་ཅིང༌། སྤྲོ་སྣང་ཆེ་བའི་ཨ་མ་ཞིག་གིས་སྤྲོ་སྣང་ཆེ་བའི་ཕྲུ་གུ་ཞིག་བཙའ་རྒྱུ་རེད། འོན་ཀྱང༌། ཞེ་སུན་དང་ཁོང་ཁྲོས་མངལ་གྱི་ཕྲུ་གུའི་དར་རྒྱས་ལ་གནོད་ཀྱི་ཡོད། དེ་མཚུངས་སྐྱེས་པའི་བདུན་ཕྲག་འགའི་རིང་ལའང་བརྩེ་བ་དང་བྱམས་སྐྱོང་གིས་མུ་མཐུད་ནས་ཕྲུ་གུའི་ལུས་པོའི་དར་རྒྱས་ལ་ནུས་པ་ཆེན་པོ་ཞིག་འདོན་པ་དང༌། མཚམས་འདིར་ཀླད་པ་ནི་མགྱོགས་པོར་འཚར་ལོངས་འབྱུང་ཞིང༌། སྨན་པ་ཚོའི་འདོད་ཚུལ་ལ། ཕ་མས་རྒྱུན་དུ་ཕྲུ་གུར་རེག་པ་དེས་ཀླད་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད། འདིས་བསྟན་དོན་ནི། ཕྲུ་གུར་མཚོན་ན། སུ་ཞིག་ཡིན་མིན་ཤེས་མི་སྲིད་པ་དང༌། ཡང་ན་སུ་ཞིག་གིས་རང་ལ་རེག་གི་ཡོད་མེད་ལ་ཁྱད་པར་མེད་ཀྱང༌། ཕྲུ་གུ་ལ་རང་གི་ལུས་པོའི་ཆ་ནས་བརྩེ་བ་དང་བྱམས་སྐྱོང་དགོས་པ་གསལ་པོ་ཡིན་པ་འདི་རེད། 

གཅིག་བྱས་ན། འདིས་ད་དུང་རྒྱུ་མཚན་ཅིའི་ཕྱིར་སྤྲོ་ཐུང་ཞིང་དོགས་ཟོན་ཆེ་ལ། དངངས་སྐྲག་གིས་ཡོངས་སུ་མནར་བའི་མི་ཚོས་ཀྱང་གཞན་གྱི་ལྟ་སྐྱོང་དང་བྱམས་སེམས་ལ་ཡ་ལན་ལེགས་པོ་སྤྲོད་པ་ལའང་གསལ་བཤད་བྱེད་ཐུབ་པ་དང༌། ཁོ་ཚོ་ཡང་བྱིས་པ་ཡིན་དུས་གཞན་གྱི་ལྟ་སྐྱོང་འོག་འཚར་ལོངས་བྱུང་ཡོད། གཉན་འཕྲང་གི་སྐབས་དེར་ཕྲུ་གུ་ཞིག་སྣང་མེད་དུ་བསྐྱུར་ན་གསོན་མི་ཐུབ་པ་གསལ་པོ་ཡིན།    སྟབས་ལེགས་ནས་འདི་ནི་ཧ་ལམ་ནམ་ཡང་འབྱུང་གི་མེད་ལ། ཨ་མའི་བྱ་འགུལ་ཐོག་མ་ནི། བཙས་མ་ཐག་པའི་ཕྲུ་གུ་ལ་འཚོ་བཅུད་ལྡན་པའི་རང་གི་འོ་མ་སྤྲོད་པ་དེ་ཡིན་ཞིང༌། འདིས་ངོས་ཀྱི་བསམ་པར་ཆ་རྐྱེན་ལ་ལྟོས་མེད་ཀྱི་བརྩེ་བ་དྭངས་མ་ཞིག་མཚོན་འདུག །སྐབས་འདིར་ཨ་མའི་བརྩེ་བ་ནི་བཅོས་མིན་ལྷད་མེད་ཅིག་ཡིན་པ་དང༌། ཚུར་རང་ལ་གང་ཞིག་ཐོབ་པའི་རེ་བ་ཅི་ཡང་ཁོ་མོར་མེད། ཕྱོགས་གཞན་ནས་ཕྲུ་གུ་དེ་ནི་རང་བཞིན་གྱིས་ཨ་མའི་ནུ་མའི་ཕྱོགས་སུ་འགུལ་གྱི་ཡོད། འདི་ནི་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། དྲི་བ་འདིའི་ལན་དུ་ང་ཚོས་གསོན་འདོད་པའི་ལྷན་སྐྱེས་ཀྱི་བག་ཆགས་གླེང་ཆོག་པར་མ་ཟད། ད་དུང་ཕྲུ་གུའི་ཕྱོགས་ན་རང་གི་ཨ་མར་བཅངས་པའི་བརྩེ་བ་ངེས་ཅན་ཞིག་ཡོད་པར་བསམ་པ་ལའང་རྒྱུ་མཚན་ཞིག་ལྡན་པར་སྙམ། གལ་ཏེ་ཕྲུ་གུ་ལ་ཞེ་ལོག་གི་ཚོར་བ་ཞིག་ཡོད་ན། ཨ་མའི་ནུ་མ་ནུ་རྒྱུ་ཡིན་ནམ། གལ་ཏེ་ཨ་མར་ཚོར་བ་དེ་འདྲ་ཞིག་ཡོད་ན། ཨ་མའི་ནུ་མ་ལས་འོ་མ་རང་ཤུགས་ཀྱིས་ཡོང་རྒྱུ་ཡིན་ནམ། ཕྱོགས་གཉིས་ཀར་ཡོད་པའི་རང་བྱུང་གི་བརྩེ་བ་དང་བྱམས་སྐྱོང་ནི། མ་བུའི་བར་གྱི་འབྲེལ་བའི་རྟེན་གཞི་ཞིག་ཡིན་ཞིང༌། འབྲེལ་སེམས་དེ་ནི་གཞན་ལ་བལྟས་ནས་སྦྱོང་བ་བྱས་པ་ཞིག་མ་ཡིན་པ་དང༌། ཆོས་ལུགས་ཀྱི་བཀོད་འདོམས་འོག་ཏུའང་བྱུང་མེད། དེ་མཚུངས་ཁྲིམས་ལུགས་གང་གིས་ཀྱང་བཙན་འགེལ་བྱེད་མི་དགོས་པ་དང༌། སློབ་གྲྭའི་ནང་དུའང་སློབ་ཀྱི་མེད་ལ། མ་བུའི་བར་གྱི་དུངས་སེམས་འདི་ནི་རང་བཞིན་གྱིས་འབྱུང་གི་ཡོད།

    རང་གི་ཕྲུ་གུ་ལ་དུངས་པའི་བྱམས་སྐྱོང་ནི། དུད་འགྲོའི་རིགས་མང་པོར་ཐུན་མོང་དུ་ཡོད་པར་སྣང་བ་དང༌། འདི་ནི་གནད་འགག་ཅིག་ཡིན་ཏེ། ཕྲུ་གུ་ལ་རང་གི་གསོན་གནས་ཀྱི་ཆ་ནས་བྱམས་སྐྱོང་དགོས་པར་མ་ཟད། ཨ་མའི་ཕྱོགས་ནའང་བརྩེ་བའི་བྱམས་སྐྱོང་དེ་མཁོ་སྤྲོད་བྱེད་ཐུབ་པའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད། མ་བུའི་བར་གྱི་བརྩེ་བ་འདི་ནི་ཆེས་ཟབ་པས། ཕལ་ཆེར་འབྱུང་བཞིའི་གྲུབ་ཆ་ལས་བྱུང་བའི་རྩོལ་ནུས་ཀྱི་ངོས་ནས་བརྩེ་བ་དེ་འབྱུང་གི་ཡོད་པར་སྙམ་སྲིད་ཀྱི་རེད། འདི་ལྟར་ཕན་ཚུན་ལ་བཅངས་པའི་བརྩེ་བ་འདི་ནི། གསོན་གནས་ཀྱི་རྩོལ་ནུས་ཤིག་ལས་ཅི་ཡང་མིན་པའི་རྩོད་གླེང་ཡང་བྱེད་ཆོག་པ་དང༌། གཅིག་བྱས་ན་དེ་ལྟར་ཡིན་སྲིད་ཀྱང༌། འདི་ནི་བརྩེ་བ་དེ་གྲུབ་མེད་པའི་དགག་བཞག་ཅིག་མིན་པར་མ་ཟད། འདིས་ཕྲུ་གུར་བྱམས་སྐྱོང་དགོས་ཤིང༌། ཨ་མར་བྱམས་བརྩེ་མཁོ་འདོན་གྱི་ནུས་པ་ཡོད་སྟབས། ང་ཚོ་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ཅན་ཡིན་པའི་ངོས་ཀྱི་ཡིད་ཆེས་ལ་གནོད་པའང་བྱེད་ཀྱི་མེད།

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།