ཁོང་ཁྲོ་ལང་བ་ནི་རང་གི་གཏན་འཇགས་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་མི་རུང་།

མདུན་ངོས། / ཁོང་ཁྲོ་ལང་བ་ནི་རང་གི་གཏན་འཇགས་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་མི་རུང་།

ཁོང་ཁྲོ་ལང་བ་ནི་རང་གི་གཏན་འཇགས་ཀྱི་གོམས་གཤིས་ཤིག་ཏུ་གྱུར་ན། ཤེས་བྱ་ཡོན་ཏན་དང༌། སྟོབས་འབྱོར་མངའ་ཐང་ཇི་ལྟར་ཆེ་རུང༌། མི་གཞན་ཚོས་ང་ཚོར་གཡོལ་གཟུར་བྱེད་ཀྱི་ཡོད། མི་ཚོས་ཁོ་ནི་ཧ་ཅང་གྲུང་པོ་ཞིག་རེད་མོད། ཁྱེད་ཀྱིས་ཤེས་གསལ་ལྟར། ཁོ་ནི་ཁོང་ཁྲོ་ལང་ཆོག་ཆོག་རེད་ཅེས་བརྗོད་ནས་རང་གི་ཉེ་གམ་དུ་མི་འོང་བ་དང༌། ཡང་ན། ཁོ་མོ་ལ་འཇོན་ཐང་ཧ་ལས་པའི་ཆེན་པོ་ཞིག་ཡོད་ཀྱང༌། མོ་ནི་རླུང་ལང་ཆོག་ཆོག་ཅིག་ཡིན་ཕྱིར། ང་ཚོས་དོགས་ཟོན་བྱས་ན་ལེགས་ཞེས་བརྗོད་ཀྱི་རེད། ང་ཚོས་ཁོང་ཁྲོ་ཆེ་བའི་མི་ལ་དོགས་ཟོན་དང་གཟབ་ནན་བྱེད་པ་ནི། རྒྱུན་དུ་གདོང་ལ་ཁྲོ་གཉེར་གོན་ཞིང་ཁ་ནས་མཆེ་བ་གཙིགས་པའི་ཁྱི་ལ་ཇི་ལྟར་བྱེད་པ་དང་གཅིག་མཚུངས་ཤིག་ཡིན་ཞིང༌། མི་འདིའི་རིགས་ཀྱི་ཁོང་ཁྲོའི་སྡིགས་མོ་ཁུར་བ་ལས་ང་ཚོས་ཁོ་ཚོ་རང་གི་གྲོགས་གྲས་ནས་ཕུད་ཀྱི་ཡོད།

འཇིགས་སྣང་ལྟ་བུའི་ཚོར་བ་སྐྱེ་སྐབས། རྣམ་རྟོག་བརྒྱུད་ནས་ཤུགས་ཚད་ཆེ་རུ་སོང་བའི་མྱོང་ཚོར་དང་ཐ་དད་པའི་ཚོར་ཤུགས་དྲག་པོ་ཞིག་གི་ངོ་བོ་ནས་མྱོང་ཞིང༌། རྗེན་པ་ཡིན་པའི་ཁོང་ཁྲོའི་རིགས་ཤིག་ཡོད་པ་ངོས་ཀྱིས་ཁས་ལེན་གྱི་ཡོད། ཁོང་ཁྲོའི་རིགས་འདི་ལ་དགེ་མཚན་ཆེ་བའི་མཇུག་འབྲས་ཡོད་ཆོག་པ་ང་ཚོའི་བློ་ངོར་འཆར་ཐུབ་པ་དང༌། གང་ཞིག་དྲང་བདེན་མིན་པ་མཐོང་བས་ཁོང་ཁྲོ་ལངས་ནས་གཞན་སེམས་ཀྱི་སྤྱོད་པ་སྟོན་སྲིད་དེ། སྲང་ལམ་དུ་མི་ཞིག་ལ་གཞན་གྱིས་རྡུང་རྡེག་བྱས་ན། དེའི་རོགས་སྐྱོར་དུ་འགྲོ་བར་སྐུལ་སློང་བྱེད་པའི་ཁོང་ཁྲོ་ནི་དགེ་བ་ཞིག་ཏུ་བསམ་ཆོག འོན་ཀྱང༌། ཁོང་ཁྲོ་འདི་ནི་དྲང་བདེན་མིན་པ་དྲང་བདེན་དུ་བསྒྱུར་པའི་ཚད་ལས་འགོངས་པ་དང༌། ཡང་ན་སྒེར་དོན་ཞིག་ཏུ་བསྒྱུར་ནས་བརྣབ་སེམས་དང་འཁོན་འཛིན་གྱི་ངོ་བོར་འགྱུར་བའི་ཉེན་ཁ་ཆེ། ང་ཚོས་མི་དགེ་བའི་ལས་ཤིག་བྱེད་སྐབས། དགེ་བ་མིན་པའི་ལས་དེ་དང༌། རང་ཉིད་ཀྱི་བར་ལ་ཁྱད་པར་འབྱེད་པའི་ནུས་པ་ང་ཚོར་ཡོད་རུང༌། གཞན་གྱིས་བྱས་པའི་ལས་ཤིག་ཡིན་ན། ང་ཚོས་བྱ་བ་དང་བྱེད་པ་པོ་གཉིས་ཀྱི་བར་ལ་ཁྱད་པར་རྒྱུན་དུ་འབྱེད་མི་ཐུབ། འདིས་ཐ་ན་རྒྱུ་མཚན་ཡོད་པ་མངོན་གསལ་ཡིན་པའི་ཁོང་ཁྲོ་ལའང་ང་ཚོས་ཡིད་རྟོན་བྱེད་མི་རུང་བ་སྟོན་གྱི་ཡོད། 

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།