ཆོ་འཕྲུལ་དུས་ཆེན་ཉིན་ཆོས་འབྲེལ་བཀའ་དྲིན་སྩལ་བ།  


མདུན་ངོས། / ཆོ་འཕྲུལ་དུས་ཆེན་ཉིན་ཆོས་འབྲེལ་བཀའ་དྲིན་སྩལ་བ།  


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་བཀའ་དྲིན་སྩལ་ཡོད་པ་རེད།

 



དེ་ཡང་ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཆོས་རིག་བཀའ་བློན་མཆོག་གིས་མནྜལ་འདེགས་འབུལ་ཞུས་པ་དང་འབྲེལ་གསོལ་འདེབས་ཁག་ཅིག་གསུང་འདོན་དང་། དེ་ནས་བཀའ་སློབ་སྩལ་དོན།  དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་ཆེན་ཁྱད་པར་ཅན་རེད། དེ་རིང་དམིགས་བསལ་གྱི་དུས་ཆེན་ཞིག་ལ་བརྩི་བ་རེད། རྒྱ་གར་ལ་སྟོན་པས་དུས་ཚོད་འདིའི་སྐབས་ལ་དམིགས་བསལ་གྱིས་ཆོས་ཕྱོགས་ཀྱི་ཐོག་ནས་མུ་སྟེགས་པའི་སྟོན་པ་དེ་འདྲའི་མཉམ་དུ་དྲི་བ་དྲིས་ལན་བྱས་པ་རེད། བོད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྨོན་ལམ་གྱི་དུས་ཆེན་ཞིག་མཛད་པ་རེད། རྗེ་རིན་པོ་ཆེའི་མཛད་ཆེན་གྲས་རེད། དེ་ལྟར་ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་དུས་ཚོད་སྐབས་ཤིག་ལ་སྨོན་ལམ་གྱི་མཛད་སྒོ་ཚུགས་མ་ཐུབ་པ་བྱུང་བ་རེད། དེ་དུས་ཕལ་ཆེར་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ཡིན་པ་ཡོད། དེ་དུས་ཐབས་ཤེས་འབད་བརྩོན་གནང་ནས་བསྐྱར་གསོ་གནང་བ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཚར་བའི་རྗེས་ལ་བོད་དུ་ལོ་ཁ་ཤས་ལ་མ་བྱུང་བ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེས་ཐུགས་འཁུར་བསྐྱེད་ནས་སྨོན་ལམ་གྱི་མཛད་སྒོ་འཚོགས་རྒྱུ་བྱུང་བ་རེད། ང་ཚོ་བཙན་བྱོལ་བ་ཕྱི་ལོ་ ༡༩༥༩ ལོར་འདིར་འབྱོར་བ་དང་། ཕལ་ཆེར་ཕྱི་ལོ་ ༡༩༦༠ ལོར་འཚོགས་ཐུབ་མེད། དེ་མིན་རྒྱས་བསྡུས་མ་གཏོགས་སྨོན་ལམ་འཚོགས་ཡོད་པ་རེད། དེ་རིང་འདིར་སྨོན་ལམ་འཚོགས་པ་དེ་ལྟར་རེད། ཅེས་དང་། 



སངས་རྒྱས་བཅོམ་ལྡན་འདས་ལ་ལོ་སྟོང་ཕྲག་གཉིས་ལྷག་ཕྱིན་པ་རེད། དུས་ད་ལྟ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཚུལ་ལ་དམིགས་བསལ་གྱིས་དོ་སྣང་སླེབས་པ་ཞིག་ཡོང་གི་འདུག ཆོས་ཀྱི་དད་པ་ཆོས་ལུགས་ཚང་མར་གསུངས་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་བྱམས་པ་དང་བཟོད་པ། སྙིང་རྗེ། ཆོག་ཤེས་སོགས་ཀྱི་ཉམས་ལེན་གནང་རྒྱུ་ཡང་ཆོས་ལུགས་ཚང་མར་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་ཡིན་ནའང་དེ་དག་གསུངས་ཀྱི་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྲངས་ཅན་ལྷ་མེད་པ་དེང་སང་མང་པོ་ཡོད་མེད་མི་ཤེས། ཕྲན་བུ་ཕྲན་བུ་ཡོད་སྲིད། གང་ལྟར་སྟོན་པ་རྒྱལ་བ་བའི་རྗེས་འབྲང་གཅེར་བུ་བ་ཡག་ཐག་ཆོད་ཡོད་པ་རེད། དངོས་གནས་དྲང་གནས་མཐའ་གཅིག་ཏུ་འཚེ་མེད་ཀྱི་སྤྱོད་པ་བསྐྱངས་ནས་དཀར་ཟས་རྐྱང་བསྟེན་མཁན་ང་ཚོའི་དཔེ་ཆའི་ནང་དུ་གཅེར་བུ་བ་ཟེར་གྱི་ཡོད་པ་རེད་ལ་ཕྱོགས་ཀྱི་གོས་ཅན་ཡང་ཟེར་གྱི་ཡོད་པ་རེད། གྱོན་པ་ཁྱོན་ནས་མེད་མཁན་དེ་འདྲ་ཡོང་གི་འདུག་དེ་ཚོའི་གྲས་ཧ་ཅང་ཡག་པོ་འདུག གང་ལྟར་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་བཅས་ཚང་མས་གསུངས་ཀྱི་ཡོད་པ་རེད། དེར་བརྟེན། ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་ཆོས་ལུགས་དེ་དག་གིས་མི་ལ་ཕན་གྱི་ཡོད་པ་རེད། 

ངོས་ཀྱིས་ནམ་རྒྱུན་འདི་ལྟར་བཤད་བཞིན་ཡོད། མི་གཅིག་གི་རང་བཞིན་ལྷན་སྐྱེས་ཀྱི་མྱོང་ཚོར་གཙོ་བོ་གང་རེད་ཟེར་ན་གཞན་ལ་བརྩེ་བ་བྱས་པ་ཡིན་ན་ཐོག་མར་སྐྱེས་པའི་ཉིན་མོ་ནས་བཟུང་མ་ཡི་བརྩེ་བའི་འོག་ནས་འཚོ་བ་དང་འཚར་ལོངས་བྱུང་བ་རེད། མི་ཚེ་གང་བོར་བརྩེ་བ་ནི་བཟང་པོའི་ཡོན་ཏན་གཙོ་བོ་ཞིག་རེད། དེ་མི་འཚོ་བ་ལ་དགོས་ཀྱི་ཡོད་པ་རེད། དེར་བརྟེན། ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པས་མིའི་བཟང་པོའི་ཡོན་ཏན་གཙོ་བོ་དེ་རྩལ་འདོན་བྱས་ནས་གསུངས་པ་ནི་ཆོས་ཉིད་རེད། དེ་ལྟ་བུའི་བརྩེ་བ་ཉམས་ལེན་བྱེད་པའི་རྒྱབ་རྟེན་ལ་ལྟ་གྲུབ་དེ་དག་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་འཇིག་རྟེན་བཀོད་པ་པོ་ནི་བྱམས་བརྩེའི་བདག་ཉིད་རེད།  དེར་བརྟེན། ང་རང་ཚོ་ཚང་མ་བརྩེ་བའི་བདག་ཉིད་ཀྱི་འཇིག་རྟེན་བཀོད་པ་པོ་དེའི་སྲས་ཡིན་པས་ང་རང་ཚོ་ཡང་བྱམས་བརྩེ་དགོས་པ་རེད་ཅེས་ཟེར་དེ་ཧ་ཅང་ཡག་པོ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་དག་གིས་ལྟ་གྲུབ་དེ་དག་ངོ་ཐོག་ལག་ལེན་བྱས་ཏེ་ཕྱིན་པ་ཡིན་ན་གཅིག་གིས་གཅིག་ལ་གསོད་རེས་དང་བསམ་ནག་བྱེད་པ་ཡོང་ཐབས་མེད་པ་རེད། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དེ་དག་དཀོན་མཆོག་གཅིག་གི་སྲས་ལ་ཡིད་ཆེས་བྱས་ཏེ་གཅིག་གིས་གཅིག་ལ་ཕན་བཏགས། གཅིག་གིས་གཅིག་ལ་རོགས་བྱེད་པ་མ་གཏོགས་འཚེ་བ་མ་བྱས་པ་ཞིག་ཡོང་དགོས་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་ཀྱང་དེ་བཞིན་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་དང་། རང་ཉིད་ལ་ཆ་བཞག་ནའང་ཅི་ཙམ་གྱིས་བྱམས་བརྩེ་ཡོད་པའི་ཚོད་ཀྱིས་སོ་སོའི་སེམས་ཞི་བདེ་དང་སྐྱིད་པོ་ཡོང་བ། མིའི་སྤྱི་ཚོགས་ནི་སེམས་ཅན་ལ་བརྟེན་སྡོད་པ་ཡིན་པས་རང་ཉིད་གང་ལ་བརྟེན་ས་ནི་སྤྱི་ཚོགས་འདི་ཡིན་པས་སྤྱི་ཚོགས་ལ་ཅི་ཙམ་གྱིས་བརྩེ་བ་དང་སེམས་ཐག་ཉེ་བོ་ཡོང་ན་རང་ལ་ཕན་གྱི་ཡོད། སྤྱི་ཚོགས་དང་ཁ་བྲལ་ན་ཤེས་ཡོན་ཡོད་པ་དང་། སྟོབས་ཡོད་པ་ཅི་འདྲ་ཞིག་ཡིན་ནའང་ཁེར་རྐྱང་དུ་བསེ་རུ་ལྟ་བུའི་རང་སངས་རྒྱས་ཟེར་བ་ལྟར་གཅིག་པུ་བསྡད་ན་སྡོད་ཐབས་མེད། 

ཆོས་ཀྱི་སྐད་ཆ་བཤད་མ་དགོས་པར་ཆོས་ཡོད་ན་རེད་མེད་ན་རེད། གང་ལྟར་མིའི་སྤྱི་ཚོགས་ནང་ཡོད་པ་ཞིག་ཡིན་ཕྱིན་ཆད་གཞན་ཕན་གྱི་བློ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཆོས་ལུགས་ཚང་མས་གསུངས་ཀྱི་འདུག དེ་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་བདེ་བ་དང་སྡུག་བསྔལ་སོ་སོས་ལས་བཟང་པོ་བསགས་པ་དང་། སོ་སོའི་སྤྱོད་པ་དེ་གཞན་ལ་ཕན་པའི་སྤྱོད་པ་ཞིག་བྱས་པ་ཡིན་ན་རང་ལ་ཕན་གྱི་རེད། གཞན་ལ་གནོད་པའི་བྱ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད་ཅེས་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ནས་བྱམས་བརྩེ་ཡར་རྒྱས་གཏོང་བ་དང་། གང་ལྟར་ཆོས་ལུགས་ཚང་མས་བྱམས་བརྩེ་ཡར་རྒྱས་གཏོང་བ་བཤད་ཀྱི་ཡོད་པ་རེད། ང་ཚོའི་ངོས་ནས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་དང་། དེ་དག་ལ་ཡོན་ཏན་ལ་བལྟས་ནས་གཅིག་གིས་གཅིག་ལ་གུས་བརྩི་བྱེད་རྒྱུ་གལ་ཆེན་པོ་རེད། དད་པ་དང་གུས་པ་གཉིས་དབྱེ་བ་ཕྱེས་སྟེ་དད་པ་སོ་སོའི་ཆོས་ལུགས་ལ་བྱོས། གུས་པ་ཆོས་ལུགས་ཚང་མར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་རྗེས་བཅོམ་ལྡན་འདས་ལ་དྲན་གསོ་གཏོང་ཆེད་སྐྱེས་རབས་གསུངས་ཀྱི་ཡོད་པ་དང་། ཆོས་ཉན་བཤད་ཅི་བྱས་ཀྱང་ཀུན་སློང་རྣམ་པར་དག་པ་དགོས་པ་སོགས་བཀའ་སློབ་སྩལ་རྗེས་སངས་རྒྱས་ཆོས་ཚོགས་མ་གསུང་འདོན་དང་འབྲེལ་སྐྱེས་རབས་ཀྱི་གསུང་ཆོས་དབུ་འཛུགས་དང་། རིམ་བཞིན་རྟེན་འབྲེལ་བསྟོད་པ་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་དང་། གླང་ཐང་ཚིགས་བརྒྱད་དང་རྟེན་འབྲེལ་བསྟོད་པ་དེབ་བཟོས་ཡོད་པས་ཁྱོད་རང་ཚོས་དུས་དང་དུས་ལ་ཀློགས། ཅེས་སོགས་བཀའ་སློབ་སྩལ་རྗེས་བསྔོ་བ་མཛད་པ་དང་། ཆུ་ཚོད་ ༡༡།༢༠ ཙམ་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་མཛད་སྒོ་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། 


གསུང་ཆོས་རིང་རྒྱ་སྐད་དང་ཧིན་སྐད། ཝི་ཏི་ནམ་གྱི་སྐད། ཉི་ཧོང་སྐད། ཀོ་རུ་ཡའི་སྐད། རཱ་ཤི་ཡའི་སྐད། སོག་པོའི་སྐད། འཇར་མན་གྱི་སྐད། སུ་པིན་ནེ་ཤི་ཡའི་སྐད་བཅས་སུ་གསུང་བསྒྱུར་ཞུས་ཡོད་པ་དང་། གདན་ས་ཁག་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ། དེ་བཞིན་སྔགས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ། རང་རིགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་རྒྱ་རིགས་སོགས་མི་གྲངས་ཧ་ཅང་མང་པོ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་བཀའ་ཆོས་ལ་ཕེབས་ཡོད་པ་བཅས།