དབུ་མ་སྙིང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

མདུན་ངོས། / དབུ་མ་སྙིང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་མཆན་འགྲེལ་དང་བཅས་པའི་བཤད་ལུང་གི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་སྨྲ་བསམ་བརྗོོད་མེད་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།  དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་སེམས་བསྐྱེད་པ་དྲུག་པའི་གཞུག་དེར།  དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཞེས་སྟོང་ཉིད་ཐོས་བསམ་སྒོམ་གསུམ་བྱས་ཏེ་དེའི་ཉམས་མྱོང་གི་ཐོག་ནས་འགོག་བདེན་མངོན་དུ་བྱེད་པ་ཞིག་ལ། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་གསུངས།  

ད་རེས་ང་ཚོར་མི་ལུས་ཐོབ། དེའི་ནང་ནས་སངས་རྒྱས་པའི་ཆོས་ཡོད་སའི་ལུང་པར་སྐྱེས། སངས་རྒྱས་པའི་ཆོས་དང་མཇལ། ཆོས་དེ་ཡང་པ་ལཱའི་ཆོས་བརྒྱུད་གཞི་ལ་བཞག་པའི་ནཱ་ལེནྡྲའི་ཆོས་བརྒྱུད་དམ་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་མཇལ་ནས། སྔོན་གྱི་བོད་ཀྱི་ལོ་ཙཱ་བ་ཚོས་སྐུ་ལས་བསྐྱོན་ནས་བོད་ཡིག་ནང་དུ་བསྒྱུར་ཡོད་པ་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་ང་ཚོས་ཀློག་པ་དང་བསམ་བློ་གཏོང་བའི་གོ་སྐབས་ཡོད་པ་རེད། དེར་བརྟེན། གུང་ཐང་རིན་པོ་ཆེས། དུས་ལན་གཅིག་རྙེད་པའི་དལ་འབྱོར་འདི།། དོན་མ་འགྲུབ་ལག་ནས་ཤོར་ཉེན་གདའ།། ཞེས་གསུངས་པ་བཞིན་རེད། ཉིན་རེ་བཞིན་ཟབ་ཁྱད་ཀྱི་ལམ་གྱི་རིམ་པ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བག་ཆགས་བཞག་ནས་མི་ཚེ་དོན་དང་ལྡན་པ་བྱེད་པ་ཞིག་དང་། ཚེ་འདི་དོན་དང་ལྡན་པ་ཞིག་བྱུང་བ་ཡིན་ན་མི་ཚེ་ཕྱི་མ་དེའང་དོན་དང་ལྡན་པ་ཞིག་མུ་མཐུད་དུ་ཡོང་བའི་རེ་བ་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་གསུངས་པ་དང་། ཤེས་རབ་སྙིང་པོའི་ནང་དུ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་གསུངས་པ་བཞིན་ལམ་ཡར་ལ་འགྲོ་ཐུབ་པ་ཞིག་ལ་མི་ལུས་བཟང་པོ་ཐོབ་པ་དང་། མདོར་ན། དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་ཁྱད་པར་ཅན་ཞིག་ཐོབ་ཡོད་པའི་སྐབས་འདི་ལ་དོན་དང་ལྡན་པ་ཞིག་བྱེད་པ་ལ་འདི་ལྟ་བུའི་ཐོག་ནས་འགྲོ་དགོས། 

ངོས་རང་ལ་ཆ་བཞག་ན། ཆུང་ཆུང་སྐབས་སུ་རྩེད་མོ་རྩེད་པ་མ་གཏོགས་དཔེ་ཆར་དོ་སྣང་ཁྱོན་ནས་ཡོད་པ་མ་རེད། ལོ་བཅུ་གྲངས་ནས་གཞི་ནས་དོ་སྣང་སླེབས་པ་རེད། ལོ་བཅུ་གསུམ་ལ་གྲྭ་སར་ཐོག་མར་ཆོས་ཞུགས་བྱས་པ་དང་མཚན་ཉིད་སློབ་པ་མགོ་ཚུགས་པ་དང་། རིམ་པས་དོ་སྣང་སླེབས་པ་དང་། རྒན་དངོས་གྲུབ་ཚོགས་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་ཧ་ཅང་ཐུགས་སྣང་ཡོད་པ་རེད། རྒན་གྱིས་ངོས་ལ་སྟོང་ཉིད་ཀྱི་སྐོར་ཡང་ཡང་བཤད་པའི་ཐོག་ནས་ངོས་ལ་སྟོང་ཉིད་ཀྱི་ལྟ་བ་ལ་དོ་སྣང་དེ་ལྟར་སླེབས་པ་རེད། ད་ལྟ་ཕལ་ཆེར་ལོ་བདུན་ཅུ་ཕྱིན་འདུག བསམ་བློ་མང་པོ་གཏོང་གི་ཡོད་པ་རེད། དེ་ནས་མར་རྒྱ་གར་ལ་སླེབས་ནས་དེ་བས་ཀྱང་སྟོང་ཉིད་ཀྱི་ལྟ་བར་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་བསམ་བློ་ཧ་ཅང་མང་པོ་གཏོང་གི་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བར་ཐོག་མར་དོ་སྣང་སླེབས་པ་ནས་བཟུང་བརྩིས་པ་ཡིན་ན་ལོ་བདུན་ཅུ་ཕྱིན་འདུག མགོ་སྟོད་སྟོང་ཉིད་ཀྱི་ལྟ་བ་ལ་དོ་སྣང་ཤུགས་ཆེན་པོ་ཡོད། བྱང་ཆུབ་ཀྱི་སེམས་ཧ་ཅང་ཡག་པོ་ཞིག་རེད་དེ་ཁག་པོ་རེད་དྲན་གྱི་ཡོད། ལྷ་སར་སྟག་བྲག་རིན་པོ་ཆེ་བཞུགས་སྐབས་ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཧ་ཅང་ཁག་པོ་རེད་ཅེས་ཞུས་མྱོང་། སྟག་བྲག་རིན་པོ་ཆེར་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་ཡོད་པ་རེད་འདུག སྟག་བྲག་རིན་པོ་ཆེས། བྱང་ཆུབ་ཀྱི་སེམས་ངའི་རྒྱུད་ལ་ཡོད། དེ་སྒོམ་ན་ཡོང་གི་རེད་ཅེས་གསུངས་པ་ངོས་ཀྱིས་དྲན་གྱི་འདུག དེ་སྔ་འདིར་སྔགས་རིམ་ཆེན་མོ་བཏོན་པའི་སྐབས་ཤིག་ཡིན་པ་ཡོད། དེ་དུས་བཤད་རྒྱུ་བྱུང་། བྱང་ཆུབ་ཀྱི་སེམས་ཟེར་བ་ཁག་པོ་རེད་འདུག་ཅེས་བརྗོད་རྒྱུ་བྱུང་། དེ་ནས་རིམ་བཞིན་སྤྱོད་འཇུག་ཞུས་པ་དང་བསམ་བློ་མང་པོ་བཏང་བ་དང་། བློ་སྦྱོང་དེ་ཚོའང་ཡག་པོ་ཡོད་པ་རེད། རིགས་པ་སྨྲ་བ་ལ་སྤྱོད་འཇུག་རྣོ་ཤོས་རེད།  ཕྱི་ལོ་ ༡༩༦༧ ལོར་ངོས་ཀྱིས་སྤྱོད་འཇུག་ཞུས་པ་རེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རང་ཉིད་ཀྱིས་ངོས་ལ་སྤྱོད་འཇུག་འཆད་ཉན་མང་ཙམ་བྱེད་ཐུབ་པ་བྱུང་ན་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་མྱོང་། རྒན་གྱི་བཀའ་ནང་བཞིན་བྱས་ཏེ་སྤྱོད་འཇུག་དུས་དང་དུས་ལ་བཤད་སྡོད་ཀྱི་ཡོད། ངོས་རང་གིས་ཀྱང་དུས་དང་དུས་ལ་སྤྱོད་འཇུག་ལ་ལྟ་བཞིན་ཡོད། དེ་འདྲའི་ཐོག་ནས་བྱང་ཆུབ་ཀྱི་སེམས་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་ཞིག་ཆགས་འདུག བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་ཕལ་ཆེར་ལོ་བཞི་བཅུ་ལྔ་བཅུ་ཕྱིན་པ་རེད། 

ངོས་ཀྱིས་ཞུ་རྒྱུ་ནི་༸རྒྱལ་བ་རིན་པོ་ཆེ་རེད། མ་འདྲ་བ་རེད་ཅེས་བསྡད་ཡོད་པ་མ་རེད། མཁྱེན་སོང་ངམ། ངོས་ཀྱིས་དཔེ་ཆར་བལྟས་པའི་སྐབས་སུ་སྒྱིད་ལུག་བྱས་ཏེ་དཔེ་ཆར་ཡག་པོ་བལྟ་གི་མ་རེད་དགོངས་ནས་གླིང་རིན་པོ་ཆེས་རྟ་ལྕག་ཅིག་སེར་པོ་ཞིག་ཉར་བཞུགས་ཡོད་པ་རེད། དེ་དུས་བློ་བཟང་བསམ་གཏན་ངེད་གཉིས་ཀྱིས་དཔེ་ཆར་ལྟ་བཞིན་ཡོད་པ་རེད། བློ་བཟང་བསམ་གཏན་ལ་གོ་བའི་རྟ་ལྕག་གཅིག་དང་ངོས་ལ་སེ་ཤིང་སེར་པོའི་རྟ་ལྕག་ཅིག་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེད་ནས་བཤད་ཀྱི་ཡོད། རྟ་ལྕག་སེར་པོ་དེ་གཞུ་ས་༸རྒྱལ་བ་རིན་པོ་ཆེ་རྩ་ཆེན་པོ་ཡིན་དུས་རྟ་ལྕག་དེའང་རྩ་ཆེན་པོ་ཞིག་དགོས་ཀྱི་ཡོད་པ་རེད། རེད་དེ་ངོས་ཀྱིས་དེ་དུས་ནས་ཤེས་ཀྱི་ཡོད། རྩ་ཆེ་བའི་རྟ་ལྕག་སེར་པོ་དེས་གལ་སྲིད་གཞུས་པ་ཡིན་ན། ན་ཚ་སྤྱིར་བཏང་གི་དེ་གཏོང་གི་རེད་མ་གཏོགས་རྩ་ཆེ་བའི་ན་ཚ་མི་འདྲ་བ་གང་ཡང་ཡོད་པ་མ་རེད། ( བཞད་མོ་བཞད།) ངོས་ཀྱིས་འདི་བཤད་དགོས་དོན་ནི། ཆོས་ཀྱི་ཉམས་མྱོང་སྐྱེས་པ་ནི་ལོ་ནས་ལོ་བསྟུད་ནས་ཐོག་མར་ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་གོ་བ་ཆགས་སུ་འཇུག་པ་དང་། དེ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཡང་ཡང་དཔྱད། ཉིན་རེ་བཞིན་དུ་བསམ་བློ་བཏང་ནས་ཉིན་གུང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་མང་པོ་བཏང་ཡོང་དུས་རྨི་ལམ་ལའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡོང་བཞིན་འདུག སྐབས་རེར་ཁྱད་མཚར་རེད། རྨི་ལམ་གྱི་གནས་སྐབས་སུ་སྒོ་ལྔའི་ཤེས་པ་འགགས་ཚར་བ་ཡིན་དུས་ཡིད་བློ་ནུས་པ་ཆེ་བ་ཡོད་ས་རེད། རྨི་ལམ་གྱི་གནས་སྐབས་ལ་བསམ་བློ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་སད་པའི་གནས་སྐབས་ལ་ཚུར་ཤུགས་རྐྱེན་ཐེབས་པ་ཡོད་པ་ལྟ་བུ་ཞིག་འདུག དེར་བརྟེན། ཆོས་གྲོགས་ཚོས་ད་ལྟ་བཞུགས་ཁྲིའི་སྟེང་ཡོད་པའི་ཏཱ་ལའི་བླ་མ་ཁ་བདེ་བོ་བཤད་སྡོད་མཁན་འདིས་དཀའ་ལས་བརྒྱབ་ནས་བྱུང་བ་མ་གཏོགས་ལས་སླ་བོ་རང་བྱུང་མི་འདུག་བསམ་པ་ཞིག་ཁྱོད་རང་ཚོས་ཤེས་དགོས་པ་རེད། མཁྱེན་སོང་ངམ། དཀའ་ལས་བརྒྱབ་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ནི་ངོས་ཀྱིས་ཉམས་མྱོང་གི་ཐོག་ནས་ཐག་བཅད་ནས་བཤད་ཐུབ་ཀྱི་རེད། 

གང་ལྟར་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བའི་ལག་རྗེས་ལ་ཕལ་ཆེར་ཕལ་ཆེར། (རྒྱལ་བ་སྐལ་བཟང་རྒྱ་མཚོའི་ལྟ་མགུར་ལས།) གཞི་འཁོར་འདས་ཆོས་རྣམས་མ་ལུས་པ།། ནང་རང་གི་སེམས་ཀྱིས་བཏགས་པ་ཙམ།། སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ།། གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོ།། སྟོན་མཁའ་ལ་ཆུ་འཛིན་དྭངས་པ་བཞིན།། དབྱིངས་རང་སེམས་དབྱེར་མེད་སྣང་ངོ་ལ།། མྱོང་སྣང་གི་སྤྲོས་པ་མ་ལུས་ནུབ།། དེ་རང་ཡོང་གི་མི་འདུག ཡིན་ནའང་། ག་ལེར་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ནུས་པ་ཏོག་ཙམ་ཆེ་རུ་ཕྱིན་པ་ཡིན་ན་ཚེ་འདིར་སྦྱོར་ལམ་ཐོབ་ཨེ་ཐུབ་མི་ཐུབ་བསམ་བློ་གཏོང་གི་ཡོད་རེད། བསམ་བྱུང་གི་སྟོང་ཉིད་ཀྱི་གོ་བ་ཕལ་ཆེར་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བ་སྒོམ་བྱུང་གི་དེ་ལྟ་བུ་ཞིག་རྒྱུད་ལ་སྐྱེས་ན་ཚོགས་ལམ་དང་སྦྱོར་ལམ་གྱི་སྟེང་སླེབས་ཡོང་གི་ཡོད་པ་རེད། དེར་བརྟེན། འདིའི་གྲས་སྒོམ་ན་བློ་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། དང་པོ་ཡོང་གི་མ་རེད་དྲན་ཡོད་པ་ཞིག་ག་ལེར་གོམས་ཡོང་དུས་བློ་ལ་འགྱུར་བ་ཐེབས་པ་ཞིག་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅོས་མ་ཚུད་ཆད་ཀྱིས་ཉམས་མྱོང་གང་འཚམ་བྱུང་བ་ཡིན་ན་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་སྣང་སྲིད་གཉེན་ལ་ཤར་ནས་རེ་བ་དང་དོགས་པ། དགའ་མི་དགའ་སོགས་ཕལ་ཆེར་ཡོང་རྒྱུ་མེད་པ་ཞིག་རེད། དེ་ལ་སྟོང་ཉིད་ཀྱི་ལྟ་བས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བའི་ཤུགས་བཅག་ནས་ཁྱད་པར་ཆེན་པོ་འདུག དེ་དང་འབྲེལ་ནས་ང་ཚོ་ཚང་མས་འཇིགས་བྱེད་ཀྱི་བདག་བསྐྱེད་སོགས་ཆོ་ག་ནམ་རྒྱུན་འདོན་བཞིན་ཡོད་པ་རེད། ངོས་རང་ལ་ཆ་བཞག་ན་གསང་བ་འདུས་པ་དང་བདེ་མཆོག་གི་བདག་བསྐྱེད། ས་སྐྱའི་ལམ་འབྲས་ཞུས་པ་ཡིན་པས་བསྐྱེད་རྫོགས་འདོན་གྱི་ཡོད་པ་རེད། ལྷ་ཡི་རྣལ་འབྱོར་ཧ་ཅང་མང་པོ་འདོན་གྱི་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་མྱོང་ཕྲན་བུ་ཡོད་དུས་སྔགས་ཀྱི་རྣལ་འབྱོར་ཡང་དོན་དང་མཐུན་པ་ཞིག་ཡོང་བའི་རེ་བ་འདུག དེ་མིན་སྟོང་པ་ཉིད་དུ་གྱུར་ཟེར་དུས་དམིགས་བསལ་ཡོད་པ་མ་རེད། སྔགས་ཀྱི་རྣལ་འབྱོར་གྱི་ཟབ་ཁྱད་དེ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷ་རུ་ཤར་བའི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས། སྟོང་ཉིད་ཀྱི་ལྟ་བ་མེད་ན་ལྷ་སྒོམ་པའི་གཞི་རྩ་མེེད་པ་ཆགས་པ་རེད། དེར་བརྟེན། ཅི་ཙམ་གྱིས་མདོ་ལམ་གྱི་ཉམས་མྱོང་དང་གོ་བ་ཆེ་རུ་ཕྱིན་པ་ཡིན་ན་དེའི་ཚོད་ཀྱིས་གསང་སྔགས་ཀྱི་ཟབ་ཁྱད་དེའང་ཐོན་ཐུབ་པ་ཞིག་དང་། ལར་ནས་ངོས་ཀྱིས་བཤད་བཞིན་པ་ལྟར་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་དབྱེ་བ་ཕྱེ་བ་དེ་རེད། 

བསྟན་པ་སྤྱི་བཙན་ཟེར་དུས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རིམ་པ་གསུམ་དུ་ཕྱེས་ནས་གསུངས་ཡོད་པ་དེ་དག་བསྟན་པ་སྤྱི་བཙན་རེད། གང་ཟག་སྤྱི་ལ་ཁྱབ་འགྲོ་བ་ཞིག་དང་། གསང་སྔགས་ཀྱི་ཆོས་སྐོར་དག་ནི་གང་ཟག་སྒོས་བཙན་ཞེས་ཆེད་དུ་བྱ་བའི་གདུལ་བྱ་བྱེ་བྲག་པ་ཅིག་ལ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པ་ལ་ཤར་ནས་རྡོ་རྗེ་འཆང་གི་རྣམ་པ་ལ་ཤར་བ་དང་། བྱ་རྒྱུད་རིགས་ཁ་ཤས་དགེ་སློང་གི་རྣམ་ཅན་གྱི་ཐོག་ལ་གསུངས་པ་ཡོད་པ་རེད་མ་གཏོགས་མང་ཆེ་བ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པ་ལ་ཤར་ནས་གསུངས་པ་ཤ་སྟག་རེད། དེ་གང་ཟག་སྒོས་བཙན་རེད། ཐ་སྙད་འདི་སྙན་དགོན་གསུང་རབ་པས་གསུངས་འདུག ངོས་ཀྱིས་དེ་ཅུང་ཙམ་རྒྱ་ཆེ་རུ་བཏང་ནས་གསང་སྔགས་ཀྱི་ཆོས་སྐོར་དེ་གང་ཟག་སྒོས་བཙན་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་བསྟན་པ་སྤྱི་བཙན་རེད་ཅེས་བཤད་སྡོད་ཀྱི་ཡོད། དེར་བརྟེན། གང་ཟག་སྒོས་བཙན་གྱི་ཟབ་ཁྱད་ཐོན་པ་དང་བསྟན་པ་སྤྱི་བཙན་གྱི་ཟབ་རྒྱས་ཀྱི་ལམ་སྤྱིའི་འགྲོ་སྟངས་ཐོག་མ་ཐོས་བྱུང་གི་ཤེས་རབ་སྐྱེས། བར་དུ་བསམ་བྱུང་གི་ཤེས་རབ་སྐྱེས། དེ་ནས་རིམ་པས་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡོང་བའི་རེ་བ་ཏོག་ཙམ་ཡོང་རྒྱུ་འདུག དེ་ལྟར་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དབུ་མའི་སྙིང་པོའི་མཆན་འགྲེལ་དང་བཅས་པའི་བཤད་ལུང་འཕྲོ་སྐྱོང་གིས་ཆུ་ཚོད་ ༡༡།༣༠ ཙམ་ལ་བཤད་ལུང་གནང་སྒོ་ལེགས་པར་གྲུབ་པ་དང་། རྡོ་རྗེ་གདན་ལ་དེབ་འདི་འཁྱེར་ནས་འདོན་ཐུབ་ན་བསམ་ཡང་མ་བདེ་བ་ཕྲན་བུ་བྱུང་ནས་མ་བྱུང་བ་དང་། དེ་རིང་འདིར་ཨུ་ཚུགས་བརྒྱབ་ནས་བཏོན་པ་རེད། ཁྱོད་ཚོ་འདིར་དོན་གཉེར་ཆེན་པོ་བྱས་ཏེ་ཕེབས་ནས་ཧ་ཅང་ཡག་པོ་བྱུང་། ཞེས་སོགས་སང་ཞོགས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་དང་། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་སྩལ་རྒྱུ་ཡིན་པ་བཀའ་ཕེབས་ནས་དབུ་མ་སྙིང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།