སོག་པོའི་དད་ལྡན་ཆོས་ཞུ་བར་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཀའ་དྲིན་སྩལ་བ། 

མདུན་ངོས། / སོག་པོའི་དད་ལྡན་ཆོས་ཞུ་བར་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཀའ་དྲིན་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཆོས་ཞུ་བ་སོག་པོའི་བླ་མའི་དགེ་རྒན་གྱིས་གཙོས་བླ་སྤྲུལ་དགེ་འདུན་པ་དང་སྐྱ་སེར་ ༡༥༩ དང་། ཨོ་ལན་པཱ་ཐུར་(ulaanbaatar ) དུ་ Wrestling hall of Ulaanbaatar ཞེས་པའི་ཚོགས་ཁང་དུ་མི་གྲངས་ ༤༠༠༠ བརྒལ་བ་ལ་དྲ་ལམ་ཐད་གཏོང་གི་ལམ་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཡོལ་ནས་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་བཀོད་མཚམས་སོག་ཡུལ་ཨོ་ལན་པཱ་ཐུར་དུ་དྲ་བརྙན་བརྒྱུད་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་ཞུས་པ་དང་། དེ་ནས་སོག་པོའི་སྐྱ་བོ་ཕོ་མོ་ཁག་ཅིག་གིས་སོག་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་རྗེས་བཀའ་སློབ་སྩལ་དོན། དེ་རིང་ཡང་བསྐྱར་འདིར་དངོས་སུ་སོག་པོའི་ཆོས་གྲོགས་བླ་མའི་དགེ་རྒན་གྱིས་དབུ་མཛད་པའི་ཁྱོད་རང་ཚོ་ས་གནས་འདིར་མཉམ་དུ་འཛོམས་ཡོད་པ་དག་དང་། དེ་ནས་གཙོ་བོ་ཧོར་སོག་ཡུལ་རང་དུ་ཡོད་པ་དག་ནི་དེ་རིང་འདིར་ཆོས་འབྲེལ་བྱེད་པའི་དམིགས་ཡུལ་གཙོ་བོ་རེད། དེ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། 

རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།།
ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།།
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས།།
རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག། 

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།།
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་འདུག  ངོས་རང་ཆུང་ཆུང་སྐབས་ནས་ནང་པ་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་དེ་དག་ལ་ཕྲན་བུ་བལྟས་ཡོད་པ་རེད། ཆུང་ཆུང་སྐབས་ལ་བལྟས་པ་ཙམ་དུ་མ་ཟད་པའི་དེ་རིང་ཁ་སང་ཡིན་ནའང་དུས་ཚོད་ཡོད་པའི་སྐབས་སུ་གཞུང་ཆེན་མོ་དག་ཀློག་བཞིན་ཡོད། དེར་བརྟེན། ངོས་ལ་བསྟན་པ་སྤྱིའི་གོ་བ་དགའ་རབ་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་སོ་སོ་ཞོགས་པ་གཉིད་ལས་སད་པ་དང་། 
གང་གིས་ཐུགས་བརྩེས་ཉེར་བཟུང་ནས།། 
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། 
དམ་པའི་ཆོས་ནི་སྟོན་མཛད་པ།། 
གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་པའི་ཀླུ་སྒྲུབ་ཀྱི་གསུངས་འདི་བཏོན་ནས། ཆོས་རིག་པའི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རྩ་བ་བྱས་ཏེ་གཞན་ཕན་བྱང་ཆུབ་ཀྱི་སེམས་སོགས་ཉིན་རེ་བཞིན་དུ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་གི་ཡོད། 

ངོས་ཀྱི་མི་ཚེ་འདིར་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་ཕྱིན་པ་རེད་དེ། སེམས་ལ་ཞི་བདེ་གནས་ཐུབ་པ་ནི་ངོས་ལ་ཉམས་མྱོང་ཡོད་པ་རེད། དེར་བརྟེན། རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།། ཅེས་གསུངས་པ་ལྟར་བཤད་ས་ནི། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ཞེས་སངས་རྒྱས་ཀྱི་བསྟན་པས་མ་ཁྱབ་སའི་ལུང་པ་ལ་ཡིན་ནའང་གང་ལ་གང་འཚམ་གྱིས་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། དེ་བཞིན་ཚད་རྡུལ་དངོས་ཁམས་རིག་པ་སོགས་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཁས་དབང་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག དེ་དག་ལ་གོ་བསྡུར་བྱེད་པའང་ཡོང་བཞིན་འདུག དེ་ལྟ་བུ་གོ་བསྡུར་བྱས་པ་ལ་བརྟེན་ནས་དེང་སང་ཚན་རིག་པའི་ནང་ནས་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ཁ་ཁ་ཡིན་ནའང་། རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་མཁན་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་པ་ཞིག་དང་། འགའ་ཤས་ཀྱིས་ཉམས་ལེན་བྱེད་པའང་ཡོང་གི་འདུག དེ་ནི་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ་ཞེས་པའི་སྐད་ཆ་དེ་རེད། ཡུལ་ལུང་དེ་དག་ཏུ་སོ་སོའི་ཕ་མེས་ཀྱི་ཆོས་ཤིག་ཡོད་པ་རེད། ཕ་མེས་ཀྱི་ཆོས་ཡོད་པ་དེ་རང་མུ་མཐུད་ནས་ཉམས་ལེན་བྱས་པ་ཡིན་ན་ཡག་གི་རེད་ཅེས་ངོས་ཀྱིས་བཤད་བཞིན་ཡོད། 

ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ནི།། ཞེས་པ་ནི་ཁྱོད་རང་ཚོ་སོག་པོར་ཆ་བཞག་ན། སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་བསྡད་པ་ཞིག་ལ་བར་སྐབས་ཉམས་ཆག་ཕྱིན་ཡོད་པ་རེད། དེར་བརྟེན། ཁྱོད་རང་ཚོ་སོག་པོ་གཙོ་བོར་གྱུར་བའི་ཡུལ་གྲུ་ཁག་མང་པོ་ཞིག་ལ་སངས་རྒྱས་ཀྱི་བསྟན་པ་ཏོག་ཙམ་ཉམས་ཆག་ཕྱིན་ཡོད་ཀྱང་། ཡུལ་གྲུ་དེ་དག་ལ་སངས་རྒྱས་ཀྱི་ཆོས་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་ཡོད་པ་རེད། དེར་ཉམས་ཆག་ཕྱིན་ཡོད་པ་ལ་བསྐྱར་གསོ་བྱས་པའི་སྐད་ཆ་རེད་མ་གཏོགས། ཆོས་ལུགས་གསར་པ་ཞིག་སྤེལ་བའི་སྐད་ཆ་མ་རེད། མཁྱེན་སོང་ངམ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར། ངོས་ཀྱིས་དེ་རིང་འདིར་ཆ་བཞག་ན་ཧོར་གྱི་རྒྱལ་ཁབ་བོད་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་དང་། ཏཱ་ལའི་བླ་མར་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཁ་སང་སྐད་ཆ་བྱུང་བ་ལྟར་རེད། དེ་རིང་ཁྱོད་རང་ཚོར་སྐད་ཆ་བཤད་པ་དང་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བར་ངོས་ཡང་ཧ་ཅང་དགའ་བོ་བྱུང་། ཞེས་བཀའ་སློབ་སྩལ། 

གཞན་ཡང་། དེ་རིང་གི་ཆོས་འབྲེལ་ནི་ལམ་རིམ་བསྡུས་དོན་ཡིན་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་སྒྲུབ་པའི་ཆོས་དང་ངེས་ལེགས་སྒྲུབ་པའི་ཆོས་ཞེས་སྡེ་ཚན་གཉིས་གསུངས་ཡོད་པ་དང་། དེ་ལག་ལེན་དུ་བསྟར་སྐབས་མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་མོ་ཨརྱ་དེ་བས་དབུ་མ་བཞི་བརྒྱ་བའི་ནང་དུ།  

བསོད་ནམས་མིན་པ་དང་པོར་བཟློག། 
བར་དུ་བདག་ནི་བཟློག་པ་དང་།། 
ཕྱི་ནས་ལྟ་བ་ཀུན་བཟློག་པ།། 
གང་གིས་ཤེས་དེ་མཁས་པ་ཡིན།།  

ཞེས་གསུངས་ཡོད། ལམ་རིམ་གྱི་འགྲོ་སྟངས་ནི་དེ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་ལམ་རིམ་བསྡུས་དོན་གྱི་བཤད་ལུང་རབ་བྱུང་མཁན་པོ་སྟག་བྲག་རིན་པོ་ཆེ་མཆོག་དང་། བསྙེན་རྫོགས་མཁན་པོ་གླིང་རིན་པོ་ཆེ། དེ་བཞིན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་བཅས་ནས་གསན་ཡོད་པ་བཀའ་ཕེབས་རྗེས་ལམ་རིམ་བསྡུས་དོན་གྱི་བཤད་ལུང་དབུ་འཛུགས་མཛད་པ་དང་། ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་བཤད་ལུང་ལེགས་པར་གྲུབ་སྟེ་དྲི་བ་དྲིས་ལན་དབུ་འཛུགས་ཀྱིས་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་དང་། སོག་པོའི་ཤེས་ཡོན་ལམ་ལུགས་སྐོར་ལ་དགོངས་ཚུལ་ཅི་ཡོད་སོགས་ཀྱི་དྲི་བར་བཀའ་ལན་མཛད་རྗེས་བཀའ་སློབ་སྩལ་དོན། ཉེ་སྔོན་ཞིག་ལ་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་ལ་བརྙན་འཕྲིན་བརྒྱུད་ནས་སྐད་ཆ་བཤད་རྒྱུ་བྱུང་བ་རེད། ཐེ་ཝན་ལ་བརྙན་འཕྲིན་ཐོག་ཆོས་འབྲེལ་བྱེད་པའི་འཆར་གཞི་ཞིག་ཡོད་པ་རེད། ཆེན་པོ་ཧོར་རམ་སོག་པོའི་ཆོས་གྲོགས་ཚོར་བརྙན་འཕྲིན་བརྒྱུད་ནས་སྐད་ཆ་བཤད་པའི་མགོ་དང་པོ་འདི་ལྟར་ཚུགས་པ་རེད། ངོས་ཀྱི་གཟུགས་པོའི་ཆ་ནས་བླ་རྒན་ཆགས་ཡོད་པས་ཐག་རིང་པོར་གནམ་གྲུའི་ནང་འགྲོ་རྒྱུར་དཀའ་ངལ་འདུག ངོས་རང་སྡོད་ས་འདི་རང་ལ་བསྡད། བརྙན་འཕྲིན་གྱི་ལམ་ནས་སྐད་ཆ་བཤད་པར་ངོས་ལ་དཀའ་ངལ་མི་འདུག ཁྱོད་རང་ཚོའང་རྒྱ་གར་ལ་འགྲོ་སོང་ཆེན་པོ་བཏང་ནས་ཡོང་མི་དགོས་པ་བྱས། དེ་རིང་མགོ་ཚུགས་པ་རེད། དེར་བརྟེན། དུས་དང་དུས་ལ་དེ་རིང་ནང་བཞིན་ང་ཚོ་ཕར་ཚུར་བརྙན་འཕྲིན་བརྒྱུད་ནས་སྐད་ཆ་བཤད་རྒྱུ་བྱས་ན་ངོས་རང་ཡང་ཧ་ཅང་དགའ་བོ་འདུག ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཐེངས་འདིའི་སོག་པོའི་དད་ལྡན་ཆོས་ཞུས་བར་ཉིན་གཉིས་རིང་གི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།