ང་ཚོའི་བདེ་སྡུག་ནི་གཞན་གྱི་བདེ་སྡུག་དང་ཁ་འབྲལ་ཐབས་མེད་པར་ཁས་ལེན་དགོས།

མདུན་ངོས། / ང་ཚོའི་བདེ་སྡུག་ནི་གཞན་གྱི་བདེ་སྡུག་དང་ཁ་འབྲལ་ཐབས་མེད་པར་ཁས་ལེན་དགོས།

ང་ཚོ་འཆི་བདག་གི་ཉེ་འགྲམ་དུ་འགྲོ་སྐབས། རང་ཉིད་ལ་འགྱོད་གདུང་མེད་པའི་ཁག་ཐག་བྱེད་པར་ང་ཚོས་ད་ལྟ་ནས་གཞན་ལ་སྙིང་རྗེ་དང་རང་གི་བྱ་སྤྱོད་ལ་འགན་ཁུར་དགོས། དོན་དངོས་སུ་བརྗོད་ན། དེ་ལྟར་བྱེད་པ་ནི་སོ་སོའི་ཁེ་ཕན་ཞིག་ཀྱང་ཡིན་ལ། འདི་ནི་འབྱུང་འགྱུར་རང་ལ་ཕན་པའི་རྒྱུ་མཚན་གཅིག་པུས་མིན་ཞིང༌། ང་ཚོས་མཐོང་གསལ་ལྟར་སྙིང་རྗེས་ང་ཚོའི་མི་ཚེ་ལ་དོན་སྙིང་སྦྱིན་གྱི་ཡོད། སྙིང་རྗེ་ནི་ཡུན་དུ་བརྟན་པའི་དགའ་བདེའི་འབྱུང་ཁུངས་དང༌། གཞན་སེམས་སློང་བའི་གཞི་མའང་ཡིན། བདེན་པ་དང༌། དྲང་བདེན། གཡོ་སྒྱུ་མེད་པ། བྱམས་བརྩེ་སོགས་གཞན་གྱི་ཕྱོགས་ལ་བསྐྱེད་ན། ང་ཚོས་རང་ཉིད་ཀྱི་ཁེ་ཕན་སྲུང་གི་ཡོད། འདི་ནི་གཞུང་ལུགས་ཀྱི་རྙོག་འཛིང་གི་གནད་དོན་ཞིག་མ་ཡིན་པར། སྤྱིར་བཏང་གི་གོ་ཤེས་ཀྱི་གནད་དོན་ཞིག་ཡིན། གཞན་དག་གི་བདེ་སྡུག་ཁུར་དུ་ལེན་པའི་གཞན་སེམས་ནི། རིན་ཐང་ལྡན་པ་རང་སྟོབས་ཀྱིས་གྲུབ་ཡོད་པ་དང༌། ང་ཚོའི་བདེ་སྡུག་ནི་གཞན་གྱི་བདེ་སྡུག་དང་འབྲལ་ཐབས་མེད་པར་འབྲེལ་ཡོད་པ་ཁས་མི་ལེན་རང་ལེན་ཡིན། སྤྱི་ཚོགས་ཀྱིས་སྡུག་བསྔལ་མྱངས་ན། ང་ཚོས་ཀྱང་སྡུག་བསྔལ་མྱོང་དགོས་པ་ཡིན། ང་ཚོའི་བློ་ལ་ཉོན་མོངས་ཀྱིས་ཅི་ཙམ་གདུང་ན། དེ་ཙམ་གྱིས་ང་ཚོས་སྡུག་བསྔལ་མྱོང་བའང་མངོན་གསལ་ཡིན་ཕྱིར། ང་ཚོས་ཆོས་ལུགས་དང༌། གྲུབ་མཐའ། ཐུན་མོང་གིས་ཁས་ལེན་པའི་ཤེས་རབ་སོགས་ཐམས་ཅད་འདོར་རུང་ཡང༌། བྱམས་པ་དང་སྙིང་རྗེ་སོགས་མེད་དུ་མི་རུང་བའི་དངོས་ཡོད་གནས་ལུགས་ལས་ང་ཚོ་ཐར་ས་མེད་པ་ཡིན།

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།