བྷོ་ཌ་སྭ་ནའི་སྲིད་འཛིན་ཟུར་པ་དང་གྲོས་ཚོགས་འཐུས་མི། རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་བ།

མདུན་ངོས། / བྷོ་ཌ་སྭ་ནའི་སྲིད་འཛིན་ཟུར་པ་དང་གྲོས་ཚོགས་འཐུས་མི། རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་གླིང་ཆེན་ཨ་ཧྥུ་རི་ཀའི་བྷོ་ཌ་སྭ་ནའི་ (Botswana) སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁ་མ་(Ian Khama) མཆོག་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་བཅུ་གཉིས།  དེ་བཞིན་ཐེ་ཝན་དང་ཨོ་སི་ཊོ་ལི་ཡ། ཨ་རི། ཡུ་རོབ།  རྒྱ་ནག་སྐམ་ས་བཅས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་ལ་སྔ་ཕྱིར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པར་མཉམ་བཞུགས་གནང་མཁན་ཐེ་ཝན་དང་ཨོ་སི་ཊོ་ལི་ཡ། ཨ་རི། ཡུ་རོབ།  རྒྱ་ནག་སྐམ་ས་བཅས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཕོ་མོ་ཁག་གཅིག་ལ་ཕོ་བྲང་མཇལ་འཕྲད་ཁང་དུ་མཇལ་ཁ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ཁྱེད་རང་ཚོ་ཚང་མར་དགའ་བསུ་ཡོད། འདིར་ངོས་རང་ལོ་ངོ་དྲུག་ཅུ་ཕྱིན་པ་རེད། ངོས་རང་སྡོད་སའི་ནང་ལྟ་བུ་ཆགས་ཡོད། ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་པ་འདི་སེམས་སྐྱོ་པོ་ཞིག་རེད། ཕྱོགས་གཞན་ནས་རྒྱ་གར་ལོ་རྒྱུས་ཐོག་ནས་ང་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། རང་དབང་ལུང་པ་རེད།  ངོས་རང་འདིར་བཙན་བྱོལ་བ་ཆགས་ནས་མི་མང་པོ་ཞིག་དང་ཐུག་རྒྱུ་ཡོད་པ་དང་།  བགྲོ་གླེང་བྱ་རྒྱུ་ཡོད་པ། ངོས་རང་བཙན་བྱོལ་བ་ཆགས་ཡོད་ཀྱང་དེ་འདྲའི་ཐོག་ནས་བསམ་བློ་ཞིག་གཏོང་སྐབས་བཙན་བྱོལ་བའི་མི་གོ་ཆོད་པ་ཞིག་རེད། 

རྒྱ་གར་དུ་སླེབས་ནས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་མི་སྣ་དེ་འདྲ་མང་པོ་ཞིག་ཐུག་གི་ཡོད། ཕན་ཚུན་བགྲོ་གླེང་བྱ་རྒྱུ་དང། གལ་ཆེ་བ་ཞིག་ནི་ཚན་རིག་པ་དང་ཐུག་རྒྱུ་དེ་རེད། ད་ཆ་ཕལ་ཆེར་ལོ་ངོ་བཞི་བཅུ་ཙམ་རིང་ཚན་རིག་པ་མང་པོ་ཞིག་ལ་ཐུག་ནས་ང་ཚོ་གོ་བསྡུར་བྱེད་ཀྱི་ཡོད། ཉེ་ལམ་ང་ཚོ་ཐེ་ཝན་གྱི་རྫས་འགྱུར་རིག་པའི་ཚན་རིག་པ་དང་ཐུག་པ་རེད། ཁོང་གིས་ལོ་བརྒྱད་ཅུ་ཙམ་ནང་འཛམ་གླིང་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་འགྱུར་བ་ཆེན་འགྲོ་རྒྱུ་ཡིན་པ་བཤད་སོང་། དེར་བརྟེན། ངོས་རང་སྐབས་དེར་བསམ་བློ་ཞིག་འཁོར་བྱུང་།  ད་ཆ་ངོས་རང་ལོ་བརྒྱད་ཅུའི་ནང་སླེབས་ཡོད། མ་འོངས་པར་ལོ་བརྒྱད་ཅུའི་མཚམས་སུ་འགྱུར་བ་འགྲོ་རྒྱུ་ཡིན་སྐོར་བརྗོད་པ་དེར་ངོས་རང་སེམས་ཁྲལ་བྱེད་དགོས་པ་གང་ཡང་མི་འདུག འདིར་ཁྱེད་རང་ཚོ་ཕྲུ་གུ་དེ་དག་ཕལ་ཆེར་ལོ་བརྒྱད་ཅུ་དགུ་བཅུའི་བར་བསྡད་པ་ཡིན་ན་འཛམ་གླིང་ནང་ཁོར་ཡུག་གི་དཀའ་ངལ་ཆེན་པོ་ཞིག་མཐོང་བའི་བཟོ་ལྟ་ཡོད་པ་རེད།   ཚན་རིག་པ་དང་ཐུག་སྐབས་བློ་སྐྱེད་ཆེན་པོ་ཡོང་གི་འདུག ང་ཚོའི་ངོས་ནས་ཚན་རིག་པར་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ཚད་རྡུལ་དངོས་ཁམས་རིག་པ་བཅས་ནས་ཕར་བློ་སྐྱེད་སྤྲོད་རྒྱུ་ཡོད་པ། ཚན་རིག་པའི་ཐོག་ནས་དེང་སང་གི་གནས་ཚུལ་ཚུར་བཤད་རྒྱུ་ཡོད་པ་བྱས་ནས་ཧ་ཅང་ཕན་ཐོགས་ཡོང་གི་འདུག  ཕན་ཚུན་སློབ་སྦྱོང་བྱ་རྒྱུ་ཡོད་པ་ལྟ་བུ་ཧ་ཅང་ཡག་པོ་འདུག 

ང་ཚོ་འདིར་བོད་མི་བཙན་བྱོལ་བ་འབུམ་གཅིག་ཙམ་ཡོད། དེ་དག་གིས་སོ་སོའི་ཆོས་དང་རིག་གཞུང་། སྐབས་དེར་དཔལ་ལྡན་ནེ་རུ་མཆོག་ལ་སྐྱབས་འཇུག་ཞུས་ནས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ཡོད། ཐེ་ཝན་ནས་ཀྱང་རྒྱབ་སྐྱོར་མང་པོ་བྱས་ཡོད་པ་རེད། གང་ལྟར་ང་ཚོ་བཙན་བྱོལ་བ་བོད་མིའི་ཚོགས་པ་སྲ་ཏག་ཏག་ཚུགས་ཡོད། ང་ཚོ་བཙན་བྱོལ་དུ་ཕྱི་ལོ་ ༡༩༥༩ ལོར་སླེབས་པ་རེད།   ཕྱི་ལོ་ ༡༩༦༠ ཐམ་པའི་ལོ་ནས་མང་གཙོའི་ལས་འགུལ་འགོ་བཙུགས་པ་ཡིན། ཕྱི་ལོ་ ༢༠༠༡ ཙམ་ནས་ངོས་ཀྱིས་ཆབ་སྲིད་ལས་ཀ་བཞག་པ་རེད། མི་མང་གིས་མང་གཙོའི་ལམ་ནས་འོས་འདེམ་བྱ་རྒྱུ་བྱས་པ་རེད། དེ་ནས་འདིའི་གོང་ལ་ཟམ་གདོང་རིན་པོ་ཆེས་ལོ་བཅུ་གནང་བ་རེད། ཕྱི་ལོ་ ༢༠༡༡ ལོ་ནས་བློ་བཟང་སེངྒེ་ལགས་ཀྱིས་བྱས་ནས་ང་ཚོ་འདིར་བཙན་བྱོལ་བ་ཉུང་ཤས་ཤིག་ཡིན་ནའང་། ཆབ་སྲིད་དེ་འདྲའི་ཐོག་ནས་བཤད་པ་ཡིན་ན་མང་གཙོ་ཚད་ལོངས་པ་ཞིག་བྱེད་བཞིན་ཡོད།  ང་ཚོར་དཔག་ཚོད་ཀྱི་ཁྲིམས་ཞིབ་ཟུར་དུ་ཡོད། གྲོས་ཚོགས་ཟུར་དུ་ཡོད། དེ་ནས་འཛིན་སྐྱོང་རེད། ང་ཚོར་མི་གྲངས་ཉུང་ངུ་ལས་མེད་ཀྱང་མང་གཙོའི་ཀ་བ་གསུམ་ཚགས་ཚུད་པོ་བྱས་ནས་བསྡད་ཡོད།  ཁྱེད་རང་ཚོ་ཐེ་ཝན་དངོས་གནས་དྲང་གནས་མང་གཙོའི་སྒང་འགྲོ་བཞིན་ཡོད། ང་ཚོའང་བཙན་བྱོལ་བ་ཉུང་ངུ་ལས་མེད་ཀྱང་མང་གཙོའི་སྒང་ལ་འགྲོ་བཞིན་ཡོད། གང་ལྟར་རྒྱ་ནག་སྐམ་ས་ཆེན་མོ་དང་བསྡུར་བ་ཡིན་ན་ང་ཚོ་མང་གཙོའི་སྒང་ལ་སླེབས་ཡོད། སྐམ་ས་ཆེན་མོར་ད་དུང་ཡང་མང་གཙོ་མེད།  

རྒྱ་མིས་ད་ལྟའང་ཏཱ་ལ་ཁ་བྲལ་བ་ཟེར་བཞིན་ཡོད། དངོས་ཡོད་གནས་སྟངས་ཐོག་ནས་བཤད་པ་ཡིན་ན། ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་མིན། སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་སྐད་ཆ་བཤད་དགོས། དེར་བརྟེན། ང་ཚོས་རང་བཙན་བཤད་རྒྱུ་མིན། རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་ཡོད་པའི་ཐོབ་ཐང་དེ་དག་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་གཅིག་གྱུར་དགོས་ཀྱི་འདུག ང་ཚོས་རང་བཙན་རྩོད་ཀྱི་མིན། ཞེས་ལབ་པ་རེད། ངོས་ཀྱིས་དེ་རླབས་ཆེ་བ་ཞིག་ཏུ་མཐོང་གི་འདུག བོད་རང་བཙན་ལབ་པ་ཡིན་ན་ལོ་རྒྱུས་དང་ཕལ་ཆེར་འབྲེལ་བ་ཞིག་ཡོང་གི་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་སྐབས་དང་ཡང་འབྲེལ་བ་ཡོང་གི་ཡོད། དེར་བརྟེན། དེ་རིང་ཁ་སང་ཡིན་ན་བོད་རང་སྐྱོང་ལྗོངས་ཟེར་བ་དེ་གཅིག་པུ་ལྟ་བུ་ཆགས་ཀྱི་ཡོད།  ང་ཚོས་འདིར་རྒྱ་ནག་རྩ་ཁྲིམས་ནང་ཡོད་པའི་བོད་རིགས་ཚང་མར་གཅིག་གྱུར་ཐོབ་ཐང་ཞིག་དགོས་ཀྱི་འདུག་བརྗོད་སྐབས། གང་ལྟར་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོ་ཞིག་ལ་རྩ་ཁྲིམས་ནང་། བོད་རིགས་རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་ཞན་ཞེས་བོད་རིགས་ས་ཁུལ་ཡིན་པ་དང་། དེར་རང་སྐྱོང་རིམ་པ་མང་པོ་ཞིག་མིང་བཏགས་ནས་ངོས་འཛིན་བྱས་ཡོད། དེ་དག་བོད་མི་ཚང་མར་ཐོབ་ཐང་གཅིག་གྱུར་ཞིག་བྱུང་བ་ཡིན་ན་བོད་མི་ས་ཡ་དྲུག་ལ་ཁྱབ་ཡོང་གི་འདུག དེ་སྔའི་ལོ་རྒྱུས་དང་འབྲེལ་ནས་ཕྱིན་པ་ཡིན་ན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བ་དེའི་སྒང་ལ་འགྲོ་རྒྱུ་རེད། དེ་ཕྱིན་པ་ཡིན་ན་བོད་མི་ས་ཡ་གཉིས་ཙམ་ལས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་། 

དེ་ནས་གླིང་ཆེན་ཨ་ཧྥུ་རི་ཀའི་བྷོ་ཌ་སྭ་ནའི་ (Botswana) སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁ་མ་(Ian Khama) མཆོག་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་བཅུ་གཉིས་ལ་མཇལ་ཁ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་དང་འབྲེལ།  སྐུ་ཉིད་དེ་སྔ་བྷོ་ཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཡིན་སྐབས་ངོས་ལ་མགྲོན་ཤོག་ཕུལ་བ་རེད། ངོས་ཀྱིས་དུས་རྟག་ཏུ་གླིང་ཆེན་ཨ་ཧྥུ་རི་ཀ་དེ་བཞིན་གླིང་ཆེན་ཁྱད་པར་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  ཧ་ཅང་ནུས་པ་ལྡན་པ་ཞིག་ཀྱང་རེད། དེར་བརྟེན། ངོས་ལ་མགྲོན་ཤོག་འབྱོར་སྐབས་ཧ་ཅང་དགའ་ཚོར་ཧ་ཅང་སྐྱེས་བྱུང་། འོན་ཀྱང་ས་ཐག་རིང་བ་དང་གནམ་གྲུའི་ནང་དུས་ཡུན་ཧ་ཅང་རིང་པོར་འགྲུལ་བཞུད་བྱེད་དགོས་པ་རེད། འདས་པའི་ལོ་ངོ་གཉིས་གསུམ་རིང་ནས་ད་བར་ཨ་མི་རི་ཀར་ཁྱོན་ནས་ཕྱིན་མེད། ཧ་ཅང་ས་ཐག་རིང་པོ་རེད། ཕྱོགས་མཚུངས་ཡུ་རོབ་ཁུལ་དུའང་འགྲོ་རྒྱུ་དཀའ་ལས་ཁག་པོ་འདུག ཅེས་བཀའ་ཕེབས་པ་དང་།

སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁ་མ་(Ian Khama) མཆོག་གིས་སྲིད་འཛིན་ཟུར་པ་མཆོག་གིས་༸གོང་ས་ཞུ་དོན།  ལོ་གཉིས་གོང་ང་ཚོས་སྐུ་ཉིད་མཆོག་བྷོ་ཌ་སྭ་ནར་ཆིབས་སྒྱུར་བསྐྱང་ཐུབ་རྒྱུར་ཧ་ཅང་རེ་བ་ཞུས་པ་ཡིན། འོན་ཀྱང་། ས་ཐག་རིང་ཞིང་གནམ་གྲུའི་ནང་དུས་ཡུན་རིང་པོར་འགྲོ་དགོས་པ་གོང་དུ་བཀའ་སྩལ་བ་ལྟར་ཆིབས་སྒྱུར་བསྐྱང་མ་ཐུབ་པ་རེད།  ངའི་ལུང་པའི་མི་མང་པོ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་ཟེར་བྱུང་།  ངས་ཁོང་ཚོའི་ཚབ་ཞུས་ནས་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་ཡིན།  ཁོང་ཚོ་ཚང་མར་ཁྱེད་ཀྱི་བཀའ་སློབ་ལམ་སྟོན་གྱིས་ཧ་ཅང་སེམས་འགུལ་ཐེབས་འདུག  དེར་བརྟེན། ང་རང་འདིར་མགྲོན་འབོད་གནང་བ་ལྟར་བཅར་དགོས་པ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་བྱུང་།  ང་འདིར་བཅར་ཐུབ་ཆེད་ཐབས་ཤེས་ཡོད་དགུ་བཏོན་པ་ཡིན། ཞེས་སོགས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁ་མ་(Ian Khama) མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལྷན་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩིའི་མཛད་སྒོར་ཕེབས་པ་དང་། མཛད་སྒོ་གྲུབ་བསྟུན་ཨ་ཧྥུ་རི་ཀའི་བྷོ་ཌ་སྭ་ནའི་ (Botswana) སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁ་མ་(Ian Khama) མཆོག་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་བཅུ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བཅས་རྒྱལ་བའི་ཕོ་བྲང་དུ་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རྒྱས་ཉིན་གུང་ལྗགས་སྨིན་གནང་ཡོད་པ་རེད།