སོག་རིགས་ཁྱད་ལས་པར་མཇལ་ཁ་སྩལ་བ། 

མདུན་ངོས། / སོག་རིགས་ཁྱད་ལས་པར་མཇལ་ཁ་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་མཇལ་འཕྲད་ཁང་དུ་ནཱ་རོ་པཎ་ཆེན་ནང་པའི་ལྟེ་གནས་དང་མོ་སི་ཁོ་བོད་ཀྱི་དོན་གཅོད་ལས་ཁུངས་ཐུན་མོང་ནས་གོ་སྒྲིག་གིས་གྲོས་ཚོགས་འཐུས་མི་གསུམ་གྱིས་མཚོན་པའི་སོག་རིགས་ཁྱད་ལས་པ་ ༤༧ ལ་ནང་པའི་ལྟ་གྲུབ་དང་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་སྐོར་ལ་ཟབ་སྦྱོང་སྤྲད་ཡོད་པ་དང་། ཟབ་སྦྱོང་ཉིན་གསུམ་པར་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ལྟར་མཇལ་ཁ་གནང་བ་མ་ཟད། བོད་སོག་གི་འབྲེལ་བ་དང་དུས་རབས་ ༢༡ པའི་ནང་བྱམས་པ་དང་སྙིང་རྗེ་དགོས་གལ་ཆེན་པོ་ཡོད་སྐོར་སོགས་བླང་དོར་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ཕོ་བྲང་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་ཐོག་མར་སོག་སྐད་ཀྱི་ཐོག་ནས་ཁྱད་ལས་པ་རྣམས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དེ་ནས་བཀའ་སློབ་སྩལ་དོན། བོད་དང་སོག་པོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཕལ་ཆེར་གོམས་གཤིས་སོགས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ནང་ཆོས་མ་དར་གོང་ནས་བོད་དང་སོག་པོར་ས་མཚམས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་རེད་ལ། འབྲོག་པ་ལྟ་བུ་བྱས་ཏེ་བོད་སོག་གཉིས་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་རེད། རྒྱ་ནག་གི་གོང་མ་ཐང་གི་སྐབས་སུ་རྒྱ་ཡིག་ཐོག་ཐང་ཧྲུའི་ཟེར་བའི་ལོ་རྒྱུས་ཀྱི་དེབ་ཅིག་ཡོད། རྒྱ་མི་མཁས་དབང་ཞིག་གིས་ལོ་རྒྱུས་དེའི་ནང་གསལ་བ་ལྟར་ན། སྔ་མོ་རྒྱ་ཧོར་བོད་གསུམ་ཞེས་བོད་ཆོས་ལྡན་རྒྱལ་ཁབ་དང་། སོག་པོའམ་ཧོར་ནི་གཙོ་བོ་དམག་གི་ཐོག་ནས་ཤུགས་ཡོད་པ་ཞིག་དང་། རྒྱ་མི་ཚོ་ཆབ་སྲིད་ཀྱི་ཐོག་ནས་དོ་སྣང་ཡོད་པ་ཞིག་ཡིན་པ་བཤད་ཀྱི་འདུག གང་ལྟར། ང་རང་ཚོ་བོད་དང་སོག་པོ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ང་ཚོ་བོད་པའི་གོམས་གཤིས་མང་པོ་ཞིག་དང་། དེའི་ནང་དུ་སྟོད་གོས་ནི་སོག་ཡུལ་གནམ་གཤིས་གྲང་མོ་ཡིན་པ་དང་བོད་ཀྱང་གྲང་མོ་ཡོད་པས་སོག་པོའི་སྟོད་གོས་དེ་ང་ཚོར་ཡང་རན་པོ་ཡོད་པ་རེད། 

མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་བཟུང་སྟེ་ང་ཚོས་ཆོས་དེ་རྒྱ་གར་ལ་དཔེ་བལྟས་ཡོད་པ་རེད། སྐད་ཡིག་ནི་མཁན་ཆེན་ཞི་བ་འཚོ་མ་བྱུང་གོང་གི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཞེས་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་ཞིག་བཟོས་པ་རེད། དུས་རབས་བརྒྱད་པའི་ནང་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ནས་ནང་པའི་ཆོས་སྤྱི་དང་། ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་བཙུགས་གནང་བ་རེད། དེར་བརྟེན། མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ནས་རྒྱ་གར་མཁས་པའི་ནཱ་ལེནྡྲའི་ཆོས་བརྒྱུད་རང་བཟུང་ཡོད། ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པ་དེ་ང་ཚོའི་དགེ་རྒན་རང་རེད། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་དག་ང་ཚོའི་སློབ་དེབ་ཆགས་ནས་ལྟ་བཞིན་ཡོད ངས་འདི་བཤད་འདོད་བྱུང་། མཁན་ཆེན་ཞི་བ་འཚོ་དང་ཆོས་རྒྱལ་ཁྲི་ལྡེ་བཙན་ཁོང་རྣམ་པས་ཆོས་རྒྱ་གར་གྱི་ཆོས་ཧ་ཅང་ཡག་པོ་རེད། ཡིན་ནའང་། སྟོད་གོས་དེ་སོག་པོའི་སྟོད་གོས་ཡག་པོར་བརྩིས་ནས་བོད་ལ་སོག་པོའི་སྟོད་གོས་གོན་པའི་གོམས་གཤིས་ཆེན་པོ་ཡོད་པ་རེད། བོད་དང་སོག་པོའི་འབྲེལ་བ་ཐུན་མོང་མ་ཡིན་པ་རེད་འདུག 

རིམ་བཞིན་སོག་ཡུལ་དུ་སངས་རྒྱས་པའི་བསྟན་པ་སྔ་དར། བར་དར། ཕྱི་དར་ཟེར་བ་ཞིག་བཤད་རྒྱུ་འདུག ཕལ་ཆེར་དར་ལམ་ Silk Road ཟེར་བ་དེ་བརྒྱུད་ནས་ཐང་སིན་སོགས་རྒྱ་གར་ལ་ཕེབས་པ་ནས་སོག་ཡུལ་ལ་ཐོག་མར་ནང་ཆོས་ལ་དོ་སྣང་ཞིག་བྱུང་བ་ཡིན་འདུག དེ་བསྟན་པ་སྔ་དར་དང་།  དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཀུབ་ལི་ཁང་གི་དབུ་བླ་གནང་ནས་དཔལ་ས་སྐྱ་བའི་ཆོས་བརྒྱུད་དར་བ་དེ་ལ་བར་དར་ཟེར་གྱི་འདུག  དེ་ནས་བསྟན་པ་ཕྱི་དར་ནི་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་གཙོ་བོ་འཇམ་མགོན་བླ་མའི་བསྟན་པ་འདི་སོག་པོའི་ཡུལ་ཁམས་ཀུན་ཏུ་ཁྱབ་པ་རེད། དེ་ལྟ་བུའི་ཐོག་ནས་སོག་པོའི་མཁས་པ་ཧ་ཅང་མང་པོ་བྱུང་བ་རེད། དཔེར་ན། ཕྱི་ལོ་ ༡༩༥༩ ལོར་ངོས་ཀྱིས་ལྷ་རམས་དམ་བཅའ་འཇོག་པའི་སྐབས་སུ་སྒོ་མང་དུ་སོག་པོའི་མཁས་པ་མང་པོ་ཡོད་པ་རེད། སྐབས་དེར་སྒོ་མང་མཁན་པོ་སོག་པོ་ལེགས་ལྡན་ཕལ་ཆེར་བྷོ་རེ་དུ་ཡིན་པ་ཡོད། ངོས་ཀྱིས་བསྐོས་པ་ཡིན། དཔེ་ཆ་ཧ་ཅང་ཡག་པོ་ཡོད་པ་རེད། མཁན་པོ་ཐུབ་བསྟན་ཉི་མ་ཁོང་ཡང་དཔེ་ཆར་ཧ་ཅང་ཡག་པོ་ཡོད་པ་རེད། དེ་བཞིན་སེ་ར་བྱེས་ལ་མགོ་སྟོད་ཟ་ངེ་ཟིང་ངེ་ཡོང་བའི་སྐབས་སུ་བསྟན་དར་ཟེར་བ་ཞིག་ཡོད། སོག་པོ་རེད། སེ་ར་བྱེས་ཀྱི་མཁན་པོ་རེད། དཔེ་ཆར་ཧ་ཅང་ཡག་པོ་ཡོད་པ་རེད། དེ་ནས་དངོས་གྲུབ་ཚོགས་གཉིས་ངའི་དགེ་རྒན་རེད། ཕྱི་ལོ་ ༡༩༥༩ ལོར་སོག་པོའི་མཁས་པ་མང་པོ་འདུག ང་ཚོས་སོག་རིགས་ཞེས་གཅིག་པ་བརྩི་ཡི་ཡོད་པ་རེད། གང་ལྟར་སོག་པོ་རང་བཙན་གྱི་རྒྱལ་ཁབ་དང་། ནང་སོག དེ་ནས་བྷོ་རེ་དུ། ཐུ་བ། སོག་པོ་ཡང་དག་ཟེར་བ་ཞིག་ཡོད། ཁོང་ཐུ་བ་ནས་རེད། ཨུ་རུ་སུའི་སྐད་ཡག་པོ་ཡོད་པ་ཞིག་ཡིན་པས་ཁ་ཤས་དོགས་པའང་བྱུང་བ་རེད། གང་ལྟར་བོད་སོག་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ཅེས་དང་། 

འཛམ་བུ་གླིང་བྱམས་བརྩེས་ཕོངས་ནས་དཀའ་ངལ་འདི་དག་ཡོངས་བཞིན་ཡོད་པ་རེད། ཡི་ཤེའི་ཆོས་དང་ཁ་ཆེའི་ཆོས། ཇོའུ་ཆོས་ལུགས་བཅས་ཀྱིས་དཀོན་མཆོག་བྱམས་བརྩེའི་བདག་ཉིད་རེད། ང་ཚོ་དཀོན་མཆོག་གིས་བཀོད་པ་རེད། དེར་བརྟེན། ང་ཚོ་ལའང་བྱམས་བརྩེ་དགོས་པ་རེད་ཅེས་རྒྱུ་མཚན་དེ་ལྟར་བཤད། བྱམས་བརྩེ་སེམས་ཁམས་རིག་པ་དང་སྦྲེལ་ནས་བསམ་བློའི་ནང་དུ་ཞི་བདེ་ཡོང་གི་ཡོད་པ་དང་། བསམ་བློའི་ཞི་བདེ་དཀྲུགས་མཁན་ཁོང་ཁྲོ་དང་ང་རྒྱལ་གྱིས་བྱེད་ཀྱི་ཡོད། སེམས་འཁྲུགས་པའི་བསམ་བློའི་ནང་གི་སྐྱོན་ནམ། ང་ཚོའི་སེམས་དཀྲུགས་མཁན་གྱི་སེམས་དེ་དག་གཙོ་བོ་མ་རིག་པར་བརྟེན་ཡོད་པ་རེད། དེར་བརྟེན། རྩ་བ་ཐུག་ས་ལོག་ཤེས་ལ་བརྟེན་ཡོད། བྱམས་པ་དང་སྙིང་རྗེ། ཆོག་ཤེས་དང་བཟོད་པ་བཅས་ནི་ཚད་མ་ལ་བརྟེན་ཡོད། ཚད་མའི་རྒྱབ་རྟེན་འདུག དེ་དག་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་ཤེས་པ་ཡིན་ན་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་མིའི་སེམས་སྐྱིད་པོ་ཞིག་ཡོང་གི་རེད། མཁྱེན་སོང་ངམ། ཆོས་མེད་པ་དང་། བྱམས་བརྩེ་ལ་དོ་སྣང་མ་བྱས་པར་དངུལ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་བསྡད་ན་དེང་གི་འཛམ་གླིང་འདིར་དཀའ་ངལ་དང་རྙོག་དྲ་ཧ་ཅང་མང་པོ་ཞིག་འདུག དེ་དག་སྨོན་ལམ་བརྒྱབ་ནས་སེལ་ཐུབ་ཐབས་ཡོད་པ་མ་རེད། དང་པོ་རིམ་བཞིན་སློབ་སྦྱོང་གི་ནང་དུ་སེམས་ཁམས་རིག་པ་ཏོག་ཙམ་སླེབས་ཐུབ་པ་བྱེད་དགོས། ཕྲུ་གུ་ཆུང་ཆུང་ཚུན་ནས་ཚང་མས་ཞི་བདེ་འདོད་ཀྱི་ཡོད་པ་རེད། བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཀྱི་རྩ་བ་སེམས་ཀྱི་ཞི་བདེ་རེད། དེར་བརྟེན། སློབ་སྦྱོང་སྤྲད་ནས་བྱེད་ཐུབ་པ་ཞིག་འདུག མཁྱེན་སོང་ངམ། ཞེས་སོགས་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་རེད།