ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གནང་བ།

མདུན་ངོས། / ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ར་ཤཱི་ཡའི་དད་ལྡན་སེར་སྐྱ་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ར་ཤཱི་ཡའི་དད་ལྡན་ཆོས་ཞུ་བ་ ༡༡༠༠ ཐམ་དང་། ་ཨི་སི་རལ་ནས་མི་གྲངས་ ༥༢༤  ཨ་རི་ནས་ ༡༩༤ ཨིན་ཇི་ནས་ ༡༤༧ འཇར་མན་ནས་ ༡༣༧ བཅས་ཀྱིས་གཙོས་རང་རིགས་སོགས་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་མི་གྲངས་ ༨༠༠༠ བརྒལ་བར་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕེབས་ལམ་དུ་རྒྱ་གར་གྱི་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་བ་དང་། དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ར་ཤཱི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། 

རྗེ་རིན་པོ་ཆེའི་གསུང་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཟེར་བ་འདི་ནི། རྗེ་རིན་པོ་ཆེས་ལམ་རིམ་ཆེ་ཆུང་དང་། ལམ་རིམ་བསྡུས་དོན་བཅས་ཚང་མ་གསུངས་ཟིན་པའི་རྗེས་ལ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ཚིགས་བཅད་ཉུང་ངུ་ཞིག་གི་ཐོག་ནས་གསུངས་པ་ཞིག་རེད། ཁོང་ནི་རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་ཆགས་ཡོད་པ་རེད། རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་དུ། ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང༌།། ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན།། མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།། བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ།། ཞེས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གསུངས་འདུག ཤར་རྒྱལ་མོ་རོང་ལ་མར་ཕྱག་ཡིག་གི་ཐོག་ནས་འདི་ལྟར་གསུངས་འདུག ཐུན་མོང་མ་ཡིན་པ་རེད། དེ་བཞིན་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་རང་ཉིད་ལ་ཆ་བཞག་ནའང་། ཕ་ཡུལ་ནས་བསྟན་པའི་ཞབས་འདེགས་ཆེན་པོ་སྒྲུབ་ཡོད་པ་རེད། 

ལམ་གྱི་གཙོ་བོ་རྣམ་པ་གསུམ་ཟེར་བ་ནི། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ལ་གསུང་གི་ཡོད་པ་རེད། སྔོན་ལ་ངས་འདི་བཤད་འདོད་བྱུང་། ང་རང་ཚོ་སྲོག་ཆགས་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དེ་ལ་རྒྱུ་མཚན་བཀོད་དགོས་ཀྱི་མ་རེད། འབུ་ཆུང་ཞིག་ཡིན་ནའང་ཁོ་རང་བྲེལ་བ་ལྟ་བུ་བྱས་ཏེ་ཏོག་ཙམ་གནས་ཚུལ་གསར་བ་ཞིག་ཡོང་ན་ལམ་སེང་ཕྱིར་འཐེན་རྒྱག་གི་འདུག སྙིང་རྗེ་གང་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མར་ཡོད་པ་རེད། དེར་བརྟེན། རྒྱ་གར་ལ་ཕལ་ཆེར་ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་ཉོན་མོངས་ཟེར་བ་ལེགས་སྦྱར་སྐད་དུ་ klesha ཟེར་གྱི་འདུག དེ་ལ་ང་ཚོའི་བོད་སྐད་ནང་དུ་ཉོན་མོངས་ཞེས་བསྒྱུར་འདུག གོ་བ་གཅིག་མཚུངས་འབྱུང་གི་ཡོད་ན་མེད་ན། ང་ཚོའི་བོད་སྐད་དུ་ཉོན་མོངས་ཞེས་མིང་ཁོ་རང་བློ་གང་ཞིག་རྒྱུད་ལ་སྐྱེས་ན་སེམས་དཀྲུགས་སྡོད་མཁན། སེམས་མ་སྐྱིད་པར་བཟོ་མཁན། རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་མཁན་ཞིག་ལ་ཉོན་མོངས་ཞེས་མིང་བཏགས་འདུག དེར་བརྟེན། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པས་མི་འདོད་པའི་སྡུག་བསྔལ་གང་ནས་ཡོང་གི་ཡོད་པ་ལ་བསམ་བློ་བཏང་ནས་ཡོང་ན། བློའི་ནང་ནས་བློ་ཇི་ལྟ་བུ་ཞིག་སྐྱེ་ཡོང་སྐབས་སེམས་མ་ཞི་བར་བྱས་ནས་སེམས་མ་བཏུལ་བར་བྱེད་པ་དང་། དེ་ལ་མུ་སྟེགས་པའི་གཞུང་གི་ནང་ནས་འདོད་པའི་ཉོན་མོངས་གཙོ་བོར་བཤད་ཀྱི་ཡོད་པ་རེད། འདོད་པའི་འདོད་ཡོན་ལ་ཆགས་པའི་ཆགས་པ་དེ་བྱས། ཆགས་པ་དེས་དྲངས་པའི་སྡང་བའི་བློ་སྐྱེས་ཀྱི་རེད། ཆགས་སྡང་གཉིས་པོ་མཉམ་དུ་འགྲོ་བཞིན་ཡོད། 

དེར་བརྟེན། མུ་སྟེགས་པའི་ཆོས་པ་ཚོས་དངོས་གནས་དྲང་གནས་འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་བལྟས་ནས་ཟས་བཅད་དཀའ་ཐུབ་བསྟེན་པ་དང་། ལྟོ་གོས་ཀྱང་མེད་པར་ཧ་ཅང་དཀའ་ལས་རྒྱག་གི་འདུག དེར་བརྟེན། འདོད་པའི་ཉོན་མོངས་ལ་ཉེས་དམིགས་སམ་སྐྱོན་དུ་བལྟས་ནས་འདོད་པའི་ཉོན་མོངས་ཀྱི་གཞན་དབང་དུ་མི་གཏོང་བར་ནང་ཏིང་ངེ་འཛིན་གྱི་བདེ་སྐྱིད་བཙལ་རྒྱུ་ཞིག་གི་ཐོག་ནས་ཁམས་གསུམ་གྱི་དབྱེ་བ་བྱེད་ཀྱི་ཡོད་པ་རེད། འདོད་ཁམས་པ། ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་གཙོ་བོ་དེ་དོན་དུ་གཉེར་མཁན་ལ་འདོད་ཁམས་པ་དང་། ཕྱིའི་འདོད་ཡོན་ལྔ་ལ་ཆགས་ནས་འདོད་ཆགས་ཀྱིས་གཞན་དབང་དུ་གྱུར་སྡོད་མཁན་ལ་འདོད་པ་ཁམས་པ་ཞེས་དང་། དེ་ལྟ་བུའི་ཉོན་མོངས་དེ་ལ་ཉེས་དམིགས་སུ་བལྟས་ནས་ནང་ཏིང་ངེ་འཛིན་གྱི་བདེ་བ་བཙལ་བའི་ཁམས་གོང་མ་གཟུགས་ཁམས་ཟེར་བ། གནས་རིགས་བཅུ་དྲུག་བཅུ་བདུན་འདི་དག་གིས་བསམ་གཏན་དང་པོ། བསམ་གཏན་གཉིས་པ། བསམ་གཏན་གསུམ་པ། བསམ་གཏན་བཞི་པ་ཞེས་གང་ལྟར་ནང་ཏིང་ངེ་འཛིན་གྱི་བདེ་སྐྱིད་ལ་གཙོ་བོ་དོན་དུ་གཉེར་ནས་འགྲོ་སྡོད་ཀྱི་ཡོད། དེ་ནས་ད་དུང་སྟོབས་རིང་དུ་ཕྱིན་པའི་སྐབས་སུ་ནང་ཏིང་ངེ་འཛིན་གྱི་གཟུགས་ཅན་དང་འབྲེལ་བསྡད་པ་ལ་མི་ཆགས་པར་གཟུགས་མེད་ཀྱི་ཏིང་ངེ་འཛིན་དོན་དུ་གཉེར་སྡོད་པ་ཞིག་སྟེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ། སྲིད་རྩེ་ཟེར་བ་ནི་སྲིད་པ་འཁོར་བའི་རྩེ་མོ་བློ་ཕྲ་ཤོས་ཆགས་ཀྱི་ཡོད་པ་རེད། མུ་སྟེགས་པའི་ནང་དུ་དེ་ལྟ་བུའི་རྣམ་གཞག་ཅིག་བཤད་ནས་དེའི་ཉམས་ལེན་བྱས་ཏེ། ངོས་རང་མུ་སྟེགས་པ་དེ་འདྲ་ལ་ཐུག་གི་ཡིན་ཞེས་ཀུམ་པུ་མེ་ལ་ལ་འགྲོ་བའི་རྩིས་ཤིག་བྱུང་བ་རེད། འབད་བརྩོན་བྱས་པ་རེད། ཡིན་ནའང་། སྐབས་ཐོག་དེར་འགྲོ་མ་ཐུབ་པ་རེད། མ་འོངས་པར་མུ་སྟེགས་པའི་གྲུབ་ཆེན་ཞེས་ཕལ་ཆེར་ལབ་ཆོག་གི་རེད། དཔེར་ན། ཧི་མ་ལ་ཡའི་གངས་མཚམས་སུ་གཅེར་བུར་སྡོད་མཁན་ཡོད་པ་རེད། དེ་དག་སྔོན་ལ་གང་ཡིན་ན་མིན་ན་གཏུམ་མོའི་ཉམས་ལེན་ཡོད་པ་བརྒྱ་ཆའི་བརྒྱ་ཐམ་པ་རེད། དེེར་བརྟེན། ང་ཚོའི་ཆོས་དྲུག་སོགས་སུ་གཏུམ་མོ་མང་པོ་བཤད་ཀྱི་ཡོད་པ་རེད་དེ། དེ་ལྟ་བུའི་ཉམས་ལེན་ཡོད་པ་མཛུབ་གུ་འཛུགས་དགོས་བྱུང་ན་གཅིག་ཀྱང་ཡོད་པ་མ་རེད།

དེར་བརྟེན། རྒྱ་གར་མཁས་པའི་གཞུང་གི་ཉོམས་མོངས་ལ་སྐྱོན་དུ་བལྟ་བའི་མགོ་ཞིག་ཚུགས་འདུག དེ་ལྟ་བུའི་ཉོན་མོངས་དེ་ཞིབ་ཚགས་པོ་བྱས་ནས་བཙལ་ཡོང་བའི་སྐབས་སུ་ཉོན་མོངས་ཀྱི་རྩ་བ། གང་ལྟར་ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་ཤ་སྟག་དང་། བདེ་བ་འདོད་པ་ཤ་སྟག་རེད། ཡིན་ནའང་། བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་ཇི་ལྟ་བུ་ཡིན་པ་ལ་བསམ་བློ་ཡག་པོ་ཞིག་བཏང་ན། དེ་ཐུག་ས་བདེན་འཛིན་ལ་ཐུག་གི་ཡོད་པ་རེད། རྩ་བ་ཤེས་རབ་ཀྱི་ནང་དུ་ལས་དང་ཉོན་མོངས་ཟད་པས་ཐར།། ལས་དང་ཉོན་མོངས་རྣམ་རྟོག་ལས།། ཞེས་ཉོན་མོངས་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་ཡོང་གི་རེད་ཟེར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་དེ་དག་སྤྲོས་ལས་ཞེས་བདེན་འཛིན་གྱི་སྤྲོས་པ་ལས་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་དུ་རྩ་བ་ཤེས་རབ་ཀྱི་ནང་དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། རྣམ་པར་རྟོག་ལས་འབྱུང་བར་གསུངས།། ཞེས་དང་། རྣམ་རྟོག་ཇི་འདྲ་ཞིག་རེད་ཅེ་ན། སྡུག་དང་མི་སྡུག་ཕྱིན་ཅི་ལོག། བདེན་པ་ལ་ནི་འབྱུང་བར་འགྱུར།། ཞེས་རྩ་བ་ཤེས་རབ་ཀྱི་ཚིག་རེད། གང་ལྟར་ཆགས་སྡང་གི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་པ་རྒྱ་གར་སྤྱི་ཡོངས་ཀྱིས་ངོས་ལེན་བྱས། དེ་ལ་ཞིབ་ཚགས་པོས་རྩད་གཅོད་བྱས་པའི་སྐབས་སུ་བདེན་འཛིན་གྱིས་ཡོང་གི་ཡོད་པ་ལ་ཀླུ་སྒྲུབ་ཡབ་སྲས་ཧ་ལས་པའི་ཞིབ་ཚགས་པོ་དང་གསལ་བོ་རེད། སོ་སོས་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགྱུར་བ་ཐེབས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཨརྱ་དེ་ཝས། ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་གྱུར།། གཏི་མུག་ཉོན་མོངས་ཐམས་ཅད་ལ་ཁྱབ་ཡོད་པ་རེད། དཔེར་ན། ལུས་དབང་དེ་མིག་དབང་ལ་སོགས་པ་ཐམས་ཅད་ལ་ཁྱབ་པ་ནང་བཞིན་རེད། གཏི་མུག་མེད་པར་བཟོ་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེ་ཕྱིར་འབད་པས་ཀུན་གྱིས་འདིར།། གཏམ་དེ་ཁོ་ན་བསྙད་པར་བྱ།། ཞེས་དབུ་མ་བཞི་བརྒྱ་བའི་ནང་དུ་གསུངས་འདུག དེ་ཚོའི་གྲས་ནི་སྔོན་གྱི་རྒྱ་གར་མཁས་པས་དགོངས་པ་མང་པོ་བཞེས་པ་དང་། དགོངས་པ་བཞེས་པ་ཙམ་མ་ཡིན་པར་ཉམས་ལེན་བྱས་པའི་ཐོག་ནས་ཉམས་མྱོང་གི་ཐོག་ནས་གསུངས་པ་དང་། རིགས་པའི་སྒྲུབ་བྱེད་ཡོད་པ། ལུང་ནས་གསུངས་པ་རེད་ཅེས་བཤད་དགོས་བྱུང་ན། ལུང་ལ་བདག་མེད་རགས་པ་གསུངས་ཡོད་པ་རེད། ཆོས་བདེན་གྲུབ་ཀྱང་གསུངས་ཀྱི་ཡོད་པ་རེད། ལུང་ཙམ་ལ་ཆ་འཇོག་མ་བྱས་པར་རིག་པ་རང་གིས་དཔྱད་པ་བྱས་ནས་གསུངས་པ་ནི་ཧ་ལས་པ་རེད། 

ལམ་གཙོའི་གཙོ་བོ་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་རེད། སྟོང་ཉིད་ཀྱི་ལྟ་བས་ཉོན་མོངས་ལ་ཁ་གཏད་གཅོག་པ་ཞིག་དང་། དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པ་ཞེས་སྟོང་ཉིད་ཀྱི་ལྟ་བར་བྱང་ཆུབ་སེམས་ཀྱི་རྒྱབ་རྟེན་མེད་ན་སྟོང་ཉིད་ཀྱི་ལྟ་བ་དེས་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། རྣམ་པ་ཀུན་གྱི་ཕྱོགས་དང་ལྡན་པའི་སྟོང་པ་ཉིད་གསུངས་ནས་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་སྟོང་ཉིད་ཀྱི་ལྟ་བ་གོ་བཞིན་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བ་ཤེས་སྒྲིབ་ཀྱི་གཉེན་པོར་སྐྱེས་པ་དང་། མདོར་ན། སྟོང་ཉིད་ཀྱི་ལྟ་བ་དགོས་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་སྒོམ་པ་ལ་བྱང་ཆུབ་ཀྱི་སེམས་དགོས་ཀྱི་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་ཀྱི་རྨང་གཞི་ནི་སྔོན་ལ་ཐར་བ་ངོ་ཤེས་པ་བྱ་རྒྱུ་དང་། ཐར་བ་དོན་གཉེར་གྱི་བློ་སྐྱེས་ནས་དེ་ནས་ཉོན་མོངས་སྤོང་ཐུབ་པ་ཡིན་པ་དང་། ཉོན་མོངས་སྤངས་པའི་བྲལ་བ་ཡོད་པ་བཅས་ཀྱི་གོ་བ་ཡག་པོ་ཆགས་པ་ཡིན་ན་ཤེས་སྒྲིབ་སྤངས་པའི་བྲལ་བ་ཡོད་པ་བསམ་བློའི་ནང་དུ་སླེབས་ཡོང་གི་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ཡོང་བ་ལ་སྔོན་ལ་བདེན་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཤེས་པའི་སྒོ་ནས་ཐར་བ་དོན་གཉེར་གྱི་བློ་ཞིག་མེད་ན་བྱང་ཆུབ་ཀྱི་སེམས་ཟེར་བའི་བྱང་ཆུབ་ཤེས་ཀྱི་མ་རེད། དེར་བརྟེན། འདིའི་སྔོན་ལ་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་པོ་ལས་དམིགས་ཡུལ་གཙོ་བོ་ནི་ཡང་དག་པའི་ལྟ་བ་རེད། དེའི་རྒྱབ་རྟེན་བྱང་ཆུབ་ཀྱི་སེམས་དང་། དེའི་སྔོན་འགྲོ་ངེས་འབྱུང་རེད། 

ངོས་ཀྱིས་ལམ་གཙོ་འདི་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་ཡོད། གླིང་རིན་པོ་ཆེའི་སྐུ་མདུན་ནས་ཀྱང་ཞུས་ཡོད། ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཀྱང་ཞུས་པ་ཡིན། གང་ལྟར་ངོས་ཀྱི་རྩ་བའི་བླ་མ་གསུམ་ཆའི་སྐུ་མདུན་ནས་བཤད་ལུང་ཐོབ་ཡོད་པ་རེད། ང་རང་གི་ངོས་ནས་ཆ་བཞག་ན་ལམ་རིམ་བསྡུས་དོན་རིང་པོ་འདུག ལམ་གཙོ་འདི་ཉིན་རེ་བཞིན་དགའ་ལྡན་ལྷ་བརྒྱ་མ་བཏོན། དེ་ནས་ལམ་ཡོངས་རྫོགས་ཤར་སྒོམ་བྱེད་པའི་སྐབས་སུ་ཡོན་ཏན་གཞི་གྱུར་མའི་ཐོག་ནས་ཤར་སྒོམ་བྱས། དེ་ནས་བྱང་ཆུབ་སེམས་སྦྱོང་གི་སྐོར་དེ་གླང་ཐང་ཚིགས་བརྒྱད་ཀྱི་ཐོག་ནས་བསམ་བློ་བཏང་། དེ་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བ་གཏོང་བ་དེ་ལམ་གཙོའི་ཐོག་ནས་གཏོང་གི་ཡོད། ཉིན་རེ་བཞིན་བསམ་བློ་གཏོང་གི་ཡོད་ཧ་ཅང་ཕན་ཐོགས་པོ་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དབུ་འཛུགས་ཀྱིས་མཇུག་ལེགས་གྲུབ་པར་བྱས་པ་དང་། ཆུ་ཚོད་༡༠།༣༠ ཙམ་ལ་སང་ཉིན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་གནང་རྒྱུའི་བཀའ་ཕེབས་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།