སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀྱིལ་ཤར་ཡུལ་གྲུའི་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་པ།

མདུན་ངོས། / སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀྱིལ་ཤར་ཡུལ་གྲུའི་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢ ཉིན་འཛམ་གླིང་དཀྱིལ་ཤར་ཡུལ་གྲུ་ལེ་བྷེ་ནོན་ Lebanon གྱི་གསར་འགོད་པ་ཀ་རིམ་ Karim ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང་སྦྲགས་བཅར་འདྲི་ཞུས་པའི་ལས་རིམ་བརྙན་འཕྲིན་ནས་ཕབ་སྒྱུར་ཞུས་པ་གཤམ་གསལ།  

ཀ་རིམ། ལེ་བྷེ་ནོན་ནི་དཀྱིལ་ཤར་ཡུལ་གྲུའི་མངའ་ཁོངས་སུ་ཡོད། རིག་གཞུང་སྣ་ཚོགས་ཡོད་པའི་རྒྱལ་ཁབ་ཅིག་རེད། སྲིད་འཛིན་མཆོག་ལ་མཚོན་ན་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་ཞིག་རེད། གྲོས་ཚོགས་ཀྱི་ཚོགས་གཙོར་མཚོན་ན་ཁ་ཆེའི་ཆོས་ལུགས་ནང་གསེས་ཤི་ཡ་རེད། སྲིད་བློན་མཆོག་ནི་ཁ་ཆེའི་སུན་ནི་རེད། དེ་བཞིན་ཆོས་ལུགས་ཇིའུ་ཡིན་མཁན་དབུ་ཁྲིད་ཁག་གཅིག་ཡོད། ང་རང་སྒེར་ལ་མཚོན་ན་ཡེ་ཤུ་ཡིན། འོན་ཀྱང་ཁ་ཆེའི་བུད་མེད་གཅིག་དང་གཉེན་སྒྲིག་བྱས་པ་ཡིན། ལེ་བྷེ་ནོན་རྒྱལ་ཁབ་དེ་རིག་གཞུང་སྣ་ཚོགས་མཉམ་སྡོད་བྱེད་བཞིན་ཡོད། ངས་དང་ཐོག་སྣ་ཚོགས་པའི་སྤྱི་ཚོགས་འདི་འདྲ་ཞིག་རྒྱུན་གནས་ཐུབ་ཀྱི་རེད་དམ། ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།   ཐུབ་རྒྱུ་རེད། གང་ཡིན་བརྗོད་ན། དེ་མ་གཏོགས་ཐབས་ལམ་གཞན་ཞིག་ཡོད་པ་མ་རེད།  གདོད་མའི་སྤྱི་ཚོགས་ཡིན་ན་མི་ཕན་ཚུན་ས་ཁྱད་དབང་གིས་སྐབས་རེ་ཕན་ཚུན་འབྲེལ་བ་གཏན་ནས་མེད་པ་དེ་འདྲ་ཡོད། འོན་ཀྱང་ད་ཆ་དུས་རབས་ ༢༡ ནི་དེང་དུས་སྤྱི་ཚོགས་ཡིན་སྟབས། ས་གནས་གཅིག་གི་གནས་ཚུལ་ས་གནས་ཚང་མའི་ནང་ཁྱབ་བཞིན་ཡོད་སྟབས་འཛམ་གླིང་ཆུང་དུ་ཕྱིན་ཡོད། ཆོས་ལུགས་ལ་མཚོན་ན་རང་ཉིད་ཙམ་མིན་པར་དོན་གཉེར་བྱས་ན། ཆོས་ལུགས་གཞན་གྱི་སྐོར་ལའང་ཤེས་རྟོགས་ཐུབ། 

སྤྱིར་ཆོས་ལུགས་ཀྱི་ཐབས་ལམ་འདྲ་མིན་ཡོད་པ་དེ་དག་མིའི་ཁམས་དང་མོས་པ་འདྲ་མིན་སྣ་ཚོགས་ཡོད་པ་དེ་དག་ལ་དགོས་མཁོ་ཡོད་པ་ཞིག་ཀྱང་རེད། དེང་རབས་སྤྱི་ཚོགས་འདིའི་ནང་སྣ་ཚོགས་པའི་རིག་གཞུང་ཐོག་ནས་འགྲོ་དགོས་པ་འདི་དངོས་ཡོད་གནས་སྟངས་ཆགས་ཡོད། དངོས་ཡོད་གནས་སྟངས་དེར་གཞི་བཅོལ་ནས་ཆོས་བྱེད་དང་མི་བྱས་སྒེར་གྱི་གནད་དོན་ལ་ངོས་འཛིན་ནས་ཆོས་ལུགས་ཕན་ཚུན་གུས་བརྩི་བྱ་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོ་རེད།  ཁྱེད་བཟའ་ཟླ་གཉིས་ལ་མཚོན་ན་གཅིག་ནི་ཡེ་ཤུའི་རྗེས་འབྲང་པ་དང་། གཅིག་ཁ་ཆེ་རེད། འོན་ཀྱང་ཕན་ཚུན་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་པ་འདི་ཧ་ཅང་ཡག་པོ་རེད།

ངོས་ཀྱི་ལས་འགན་གཅིག་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་དེ་ཡིན། ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡིན་པ་ངོས་ལ་བརྒྱ་ཆ་བརྒྱ་ནས་བརྒྱ་གདེང་ཚོད་ཡོད། རྒྱ་གར་ལ་གཟིགས་དང་། ལོ་ངོ་ཉིས་སྟོང་གོང་ནས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་དར་ཁྱབ་བྱུང་ཡོད། སྤྱིར་རྒྱ་གར་རང་གི་རིག་གཞུང་དེ་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་ཙམ་ནས་དར་བ་ཞིག་རེད།  ཐོག་མར་གྲངས་ཅན་པ་དར། དེ་ནས་གཅེར་བུ་པ་དང་ནང་པ་དར་བ་རེད། དུས་ཕྱིས་སུ་ཁ་ཆེ་དང་ཡེ་ཤུ། ཛོ་ར་ཛོ་དན་བཅས་དར་ཡོད། 

ད་ཆ་ཆོས་ལུགས་དེ་དག་ཚང་མ་མཉམ་སྡོད་བྱེད་བཞིན་ཡོད། དཀའ་ངལ་གང་ཡང་མེད། རྒྱ་གར་ནང་དུ་སུན་ནི་དང་ཤི་ཡ་གཉིས་འཁྲུག་རྩོད་བྱུང་བའི་གནས་ཚུལ་རྩ་བ་ནས་གོ་མྱོང་མེད། ངོས་རང་རྒྱ་གར་ནང་ལོ་ངོ་བཅུ་ཕྲག་མང་པོ་བསྡད་པ་ཡིན། ངོས་ཀྱིས་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་ཡག་པོ་འདུག འོན་ཀྱང་ཆོས་ཀྱི་མིང་འོག་ནས་མི་ཕན་ཚུན་གསོད་རེས་བཏང་བ་དང་། ལྷག་པར་ཨབ་གྷ་ནི་སི་ཐན་དང་།  དེ་བཞིན་སི་རི་ཡ་སོགས་དཀྱིལ་ཤར་ཡུལ་གྲུའི་ནང་ཁ་ཆེའི་ཆོས་པ་ནང་ཁུལ་སུན་ནི་དང་ཤི་ཡ་གསོད་རེས་བཏང་བ་མཐོང་སྐབས་བསམ་ཡུལ་ལས་འདས་པ་ལྟ་བུ་འདུག 

ཁ་ཆེ་བ་ཚང་མ་ཨེ་ལའམ་དཀོན་མཆོག་གཅིག་གི་རྗེས་འབྲང་པ་ཡིན་ཞིང་།  ཀོ་རན་ཁ་འདོན་གཅིག་གྱུར་དང་། ཉིན་མ་གཅིག་ནང་སྨོན་ལམ་ཐེངས་ལྔ་རྒྱག་མཁན་གཅིག་མཚུངས་རེད། ཕན་ཚུན་འཁྲུག་པ་རྒྱག་དགོས་དོན་གང་ཡང་མེད། གནས་ཚུལ་དེ་དག་ལ་བསམ་བློ་གཏོང་སྐབས་ངོས་རང་བློ་ཕམ་ཧ་ཅང་ཡོང་གི་འདུག ཆོས་ཟེར་བ་འདི་ཆགས་སྡང་གི་བློ་ཆུང་དུ་གཏོང་མཁན་རེད། འོན་ཀྱང་ཆོས་དེ་ཆགས་སྡང་བློ་འཕེལ་རྒྱུར་ཕྱིན་པ་ཡིན་ན། སྨན་དུག་ཏུ་འགྱུར་བ་ལྟ་བུ་རེད།  ངོས་ཀྱི་བསམ་པར་ཕན་ཚུན་འབྲེལ་ལམ་ཉུང་དྲགས་པར་བརྟེན་རྙོག་གྲ་དེ་དག་ཡོང་བཞིན་ཡོད།

ཆོས་ལུགས་མཐུན་སྒྲིལ་ཟེར་བ་ཡོང་ཐུབ་ཐག་ཆོད་རེད། ལྷག་པར་སུན་ནི་དང་ཤི་ཡ་མཐུན་འབྲེལ་ཡོང་ཐུབ་ངེས་རེད། ཉིན་ཤས་རྗེས་ངོས་རང་རྒྱ་གར་རྒྱལ་ས་ལྡི་ལིར་ལ་དྭགས་ཁ་ཆེའི་ཚོགས་པ་དང་ཐུག་རྒྱུ་ཡིན། རྒྱལ་ཡོངས་ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཚོགས་ཆེན་ཞིག་ལ་དྭགས་ཁ་ཆེ་ཚོས་གོ་སྒྲིག་གནང་བཞིན་ཡོད།  རྒྱ་གར་ནང་གི་སུན་ནི་དང་ཤི་ཡའི་དབར་དཀའ་ངལ་འཕྲད་པའི་གནས་སྟངས་སྐོར་ངོས་ཀྱིས་རྩ་བ་ནས་ཐོས་མྱོང་མེད།  དེར་བརྟེན་ད་ཆ་རྒྱ་གར་ཁ་ཆེ་ཚོས་འགན་ཁུར་ཆེ་ཙམ་བཞེས་ནས་ཆོས་ལུགས་མཐུན་སྒྲིལ་སྤྱི་དང་། ལྷག་པར་སུན་ནི་དང་ཤི་ཡ་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་འགུལ་ཤུག་ཆེ་ཙམ་སྤེལ་དགོས་པའི་དུས་ལ་བབ་འདུག ཅེས་བསམ་ཚུལ་བཤད་པ་ཡིན།

ལྷན་ཚོགས་དེར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཁ་ཆེའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ནས་ལས་བྱེད་ཁག་གཅིག་མགྲོན་འབོད་ཞུ་དགོས་པའི་བསམ་ཚུལ་བཏོན་པ་ཡིན། ངོས་ཀྱི་རེ་བར་ད་ཐེངས་ལྷན་ཚོགས་དེ་ལྟ་བུ་ཞིག་ཚོགས། དེ་ནས་རིམ་བཞིན་རྒྱ་གར་ཁ་ཆེ་བ་ཚོས་འགན་ཁུར་བཞེས་ནས་འཛམ་གླིང་ཕྱི་ལ་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡིན་པའི་མིག་དཔེ་བཟང་པོ་སྟོན་དགོས། དེ་ནས་རིམ་བཞིན་སི་རི་ཡ་དང་ཨབ་གྷ་ནི་སི་ཐན་སོགས་ནས་མགྲོན་འབོད་ཞུས་ཏེ་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཇི་ལྟར་ཡོད་པ་སྟོན་དགོས། ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ངེས་ཡིན་པ་ར་སྤྲོད་བྱེད་དགོས། ལྷག་པར་རྒྱ་གར་ནང་གི་སུན་ནི་དང་ཤི་ཡ་དབར་རྙོག་གྲ་གང་ཡང་མེད།

ཀ་རིམ། སྐུ་ཉིད་མཆོག་གིས་བཟང་ཕྱོགས་ཀྱི་རེ་བ་ཧ་ཅང་མཛད་བཞིན་འདུག 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རེ་བ་ཧ་ཅང་ཡོད།  ཐབས་ལམ་གཞན་ཞིག་མེད། 

ཀ་རིམ། ད་ལྟའི་འཛམ་གླིང་ནང་ཆོས་ལུགས་འཐེན་འཁྱེར་དང་མཐར་ལྷུང་ལྟ་བ་ཉམས་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།  དེ་ལ་བརྟེན་ནས་མི་མང་རྣམས་དཀའ་སྡུག་མྱོང་བཞིན་ཡོད། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  ང་ཚོ་འགྲོ་བ་མི་རེད། དཀོན་མཆོག་གིས་བཀོད་ཀྱང་རུང་མ་བཀོད་ཀྱང་རུང་། ང་ཚོར་མིའི་རྣམ་དཔྱོད་ཡོད། མིའི་ཀླད་པའམ་རྣམ་དཔྱོད་དེ་ཚུལ་མཐུན་བཀོལ་ཐུབ་ཚེ། ང་ཚོ་མི་རྣམས་ས་གནས་དང་རིག་གཞུང་། ཁོར་ཡུག་འདྲ་མིན་འོག་གནས་ཡོད། ཕྱོགས་མཚུངས་མིའི་ཁམས་དང་མོས་པ་སོགས་མི་འདྲ་བ་ཡོད་སྟབས། ཕན་ཚུན་དབར་མི་འདྲ་བའི་ཆ་ཏན་ཏན་ཡོང་རྒྱུ་ཡིན་པ་ནི་བསམ་ཤེས་ཐུབ་པ་ཞིག་རེད།  གལ་ཆེ་ཤོས་ནི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་བཞིན་ཡོད་པ་གཅིག་མཚུངས་རེད།

ཀ་རིམ། བཀའ་སློབ་འདི་དཀྱིལ་ཤར་ཡུལ་གྲུ་སྤྱི་དང་།  ལྷག་པར་ལེ་བྷེ་ནོན་ནང་ལེགས་སྐྱེས་མཆོག་ཡིན། ང་ཚོའི་རྒྱལ་ཁབ་ནང་བསླབ་བྱ་འདི་འདྲ་ཞིག་དགོས།  ས་གནས་སུ་དཀའ་ངལ་དང་རྙོག་འཛིང་ཧ་ཅང་ཡོད། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རེད། ངོས་ཀྱི་ངོས་ནས་ཞབ་འདེགས་ཕྲན་ཚེགས་ཇི་འདྲ་ཞིག་བརྒྱག་དགོས་ཀྱང་འདི་ནི་ངོས་ཀྱི་ལས་འགན་རེད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་དོན་དམ་གྱི་སྤུན་མཆེད་ཕོ་མོ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་འདོད་རུང་མི་འདོད་རུང་། ཕན་ཚུན་གཤིབ་ནས་གོ་ལ་འདིའི་སྟེང་འཚོ་དགོས།  དེའི་ཁར་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་དེ་དག་ད་ཆ་ཛ་དྲག་ཆགས་ཡོད། གནས་སྟངས་འདིའི་འོག་ནས་ང་ཚོས་རྒྱལ་སྤྱིའི་གནས་བབ་ཐོག་ནས་ལྟ་དགོས། གནས་སྟངས་དེའི་འོག་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད། ཆོས་ལུགས་དང་རིག་གཞུང་། སྐད་ཡིག་མི་འདྲ་བའི་གནད་དོན་དེ་དག་སྒེར་གྱི་གནས་དོན་རེད།

ངོས་ལ་མཚོན་ན་ངོས་རང་ནང་པ་ཞིག་རེད། འོན་ཀྱང་ཁ་ཆེ་དང་ཡེ་ཤུ། ཧིན་དུ་སོགས་ནས་གྲོགས་པོ་ཚད་ལྡན་དེ་འདྲ་ཡོད་པ་མ་ཟད། ཕལ་ཆེར་དམར་ཤོག་ཚོགས་མི་དེ་འདྲའང་ཡོད་ཅེས་བརྗོད་ཆོག ༼ བཞད་མོ་བཞད། ༽ གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད། མའི་མངལ་ནས་སྐྱེས་སྟངས་དང་། དེ་རྗེས་མའི་བྱམས་བརྩེས་བསྐྱང་སྟངས། ང་ཚོ་འཚོ་བར་བྱམས་བརྩེ་དེ་གཙོ་བོ་ཆགས་ཡོད།  ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་དེ་ལྟར་སྐྱོན་བཞིན་ཡོད། འོན་ཀྱང་ལྟ་གྲུབ་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་སྣ་ཚོགས་ཡོང་བཞིན་ཡོད། ངོས་རང་ནང་པ་ཞིག་རེད།  ཅེས་བཀའ་ལན་སྩལ་རྗེས་དེ་སྔ་ཡེ་ཤུའི་མཆོད་དཔོན་བྷི་ཤོབ་ཊུ་ཊུ་ Archbishop Desmond Tutu མཆོག་དང་མཇལ་མོལ་མཛད་སྐབས་མགོན་པོ་གང་ཉིད་མཆོག་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་མི་འདོད་པར་བརྟེན།  འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་འདོད་མཁན་བླ་ཆེན་ཊུ་ཊུ་རང་ཉིད་ཚེ་ཕྱི་མར་ལྷ་ཡུལ་དུ་སྐྱེ་རྒྱུ་ཉག་གཅིག་ཡིན་ཡང་།  ཏཱ་ལའི་བླ་མ་ས་གནས་གཞན་ཞིག་ཏུ་སྐྱེ་རྒྱུ་རེད། ཅེས་ཞལ་ཤོབ་མཛད་པ་ཐུགས་དྲན་གསོ་མཛད། 

ཀ་རིམ།  རྒྱུན་ལྡན་མི་ཚོས་འཆི་བའི་སྐོར་གླེང་སྐབས་སེམས་ནང་སྐྱོ་སྣང་དང་འཇིགས་སྣང་ཧ་ཅང་བྱས་ཀྱང་། སྐུ་ཉིད་ལ་ཞི་བདེའི་ཉམས་སྣང་ཧ་ཅང་འདུག རྒྱུ་མཚན་ཇི་ཡིན། ཉེ་ལམ་སྐུ་ཉིད་མཆོག་གློ་བུར་སྙུན་གཞི་ལ་བརྟེན་ལྡི་ལིར་སྨན་བཅོས་ཆེད་གདན་ཞུ་གནང་སྐབས།  ལེ་བྷེ་ནོན་མི་མང་ཚོས་སེམས་འཚབ་ཆེན་པོས་མགྱོགས་མྱུར་དྭངས་སྐྱེད་ཡོང་བའི་སྨོན་ལམ་ཡང་བརྒྱབ་འདུག  དེ་ནི་སྐུ་ཉིད་མཆོག་ང་ཚོའི་ལུང་པར་མཚན་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་པས་ཡིན།  
  
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  ཐུགས་རྗེ་ཆེ། ང་ཚོ་མི་ལ་ཐུན་མིན་ཀླད་པ་ཡོད། དེར་བརྟེན་ཕྱོགས་ཐམས་ཅད་ཀྱི་གནས་ཚུལ་ལ་དཔྱད་པ་བྱས་ནས་འགྲོ་དགོས་པ་མ་གཏོགས་ཕྱོགས་གཅིག་རྐྱང་རྐྱང་ལ་ཡིད་ཆེས་བྱས་ནས་ཕྱིན་པ་ཡིན་ན་དཀའ་ངལ་འཕྲད་རྒྱུ་རེད། གནས་ཚུལ་ཇི་འདྲ་ཞིག་ཡིན་ཡང་རྒྱ་ཆེ་ས་ནས་ལྟ་དགོས།  

ཀ་རིམ། སྣ་ཚོགས་པའི་རིག་གཞུང་ལ་དང་ལེན་བྱ་རྒྱུ་དེ་རེད་པ།  སྐུ་ཉིད་ནས་དུས་རྒྱུན་དུ་མི་མང་ཚོར་སོ་སོའི་ཕ་མེས་ཀྱི་རིག་གཞུང་གང་ཡིན་པ་དེའི་རྗེས་སུ་འབྲང་ན་དགེ་མཚན་ཆེ་སྐོར་བཀའ་སློབ་སྩོལ་བཞིན་ཡོད། མི་ཚོས་དེ་ལྟར་ཁས་ལེན་ཞུ་རྒྱུ་ཡིན་ནམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  འདི་ནི་དངོས་ཡོད་གནས་སྟངས་ཤིག་རེད།  ཁ་ཆེ་བ་ཞིག་ལ་མཚོན་ན། ཁ་ཆེའི་ཆོས་དེ་ཡག་ཤོས་ཆགས་ཡོད།  དེར་བརྟེན་ཆོས་ལུགས་གཞན་ཞིག་ལ་བརྗེ་འགྱུར་བྱས་པ་ལས་ཁ་ཆེ་རང་བྱས་ན་དགེ་མཚན་ཆེ། དཔེར་ན་ཆོས་ལུགས་གཞན་ཁ་ཆེ་དང་ཧིན་དུ། ཡེ་ཤུའི་རྗེས་འབྲང་པ་སོགས་ནང་པ་བྱ་རྒྱུ་ཡིན་ཞེས་ངོས་སར་བརྗོད་སྐབས། ངོས་ཀྱིས་སོ་སོའི་ཕ་མེས་ཀྱི་རིག་གཞུང་གང་ཡིན་པ་དེའི་རྗེས་སུ་འབྲང་བ་ཡིན་ན་ཕན་ཐོགས་ཆེ་ཚུལ་བརྗོད་ཀྱི་ཡོད།  མིའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་ལྟ་གྲུབ་ཀྱང་འདྲ་མིན་ཡོད། ནང་པ་རང་ལ་མཚོན་ནའང་གྲུབ་མཐའ་མི་འདྲ་བ་མང་པོ་ཡོད། དེ་ནི་མིའི་ཁམས་དང་མོས་པ། བསམ་པ་སོགས་མི་འདྲ་བ་ཡོད་པས་ཡིན། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ལྟ་བུར་མཚོན་ན།  སྟོན་པ་གཅིག་རེད། འོན་ཀྱང་ཁོང་གིས་ལྟ་གྲུབ་མི་འདྲ་བ་དུ་མ་གསུངས་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་གཙོ་བོ་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེ་དག་ལ་གང་ལ་གང་འདུལ་གྱི་ཆོས་གསུང་དགོས་པར་བརྟེན་ནས་རེད།

དེར་བརྟེན་ངོས་ཀྱིས་ནང་པའི་ཆོས་འདི་ཡག་ཤོས་རེད། ཅེས་དུས་ནམ་ཡང་བརྗོད་ཀྱི་མེད།  ངོས་རང་སྒེར་ལ་མཚོན་ན་ནང་ཆོས་ཡག་ཤོས་རེད།  འོན་ཀྱང་གཞན་ལ་ཆོས་གང་དང་གང་ཡིན་རུང་མི་རང་རང་སོའི་ཁམས་དང་མོས་པར་བསྟུན་ནས་འགྲོ་རྒྱུ་རེད། སྨན་དང་གཅིག་མཚུངས་རེད། སྨན་གཅིག་ལག་པས་བླངས་ནས་སྨན་འདི་མཆོག་རེད། ཅེས་དུས་ནམ་ཡང་བརྗོད་ཤེས་ཀྱི་མ་རེད། གང་འདྲ་བྱས་ནས་བརྗོད་ཐུབ། ནད་པ་མི་འདྲ་བ་དང་ན་ཚ་མི་འདྲ་བ་ཡོད་པ་དེ་དག་སོ་སོའི་གནས་སྟངས་ལ་གཞིགས་ཏེ། ནད་པ་འདི་ལ་སྨན་འདི་མཆོག་རེད། ཅེས་བརྗོད་ཐུབ་པ་མ་གཏོགས་སྤྱི་ཡོངས་ནས་སྨན་འདི་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཤེས་ཀྱི་མ་རེད། དེར་བརྟེན་ངོས་ཀྱིས་ནང་ཆོས་དེ་ཆོས་ལུགས་ཡག་ཤོས་རེད་ཅེས་དུས་ནམ་ཡང་བརྗོད་ཀྱི་མེད། 

ཀ་རིམ།  རང་ཉིད་ལ་ཆོད་སེམས་བརྟན་པོ་ཡོད་ན། དེ་སྔ་ཆོས་ལུགས་ཕན་ཚུན་འཁྲུག་རྩོད་ལ་བརྟེན་ནས་གཏོར་བཤིག་བཏང་བ་རྣམས་བསྐྱར་དུ་འཛུགས་སྐྲུན་ཐུབ་རྒྱུ་ཡིན་པ་ལེ་བྷེ་ནོན་ཡུལ་གྱིས་ལག་ལེན་ཐོག་ནས་ར་སྤྲོད་བྱས་ཡོད། ད་ཆ་ལེ་བྷི་ནོན་གྱི་སྤྱི་ཚོགས་གསར་པ་དེས། ཆོས་ལུགས་དང་། རིགས་རུས། ཕོ་མོ་སོགས་དབྱེ་བ་མེད་པར་ཚང་མས་མཉམ་རུབ་འོག་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་གཞིར་འབད་བརྩོན་གནང་བཞིན་པ་དེར་ལམ་ལྷོངས་ཡོང་རྒྱུར་ངས་རེ་བ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ང་ཚོ་ཚང་མ་ཆིག་སྒྲིལ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་འདུག 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  དེ་ནི་དངོས་ཡོད་གནས་སྟངས་དང་འཚམས་པ་ཞིག་རེད། ངོས་ཀྱིས་གོང་དུ་བཤད་པ་ལྟར། ད་ཆ་འཛམ་བུ་གླིང་འདི་ཆུང་དུ་ཆུང་དུ་འགྲོ་བཞིན་ཡོད། གོ་ལ་སྔོན་པོ་ཆུང་ཆུང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་རྣམས་རིག་གཞུང་དང་སྐད་ཡིག ཆོས་ལུགས་སོགས་མི་འདྲ་བ་ཡོད་ཀྱང་ཕན་ཚུན་མཉམ་གཤིབས་བྱས་ནས་འཚོ་དགོས་པ་རེད། 

ཀ་རིམ།  ཁོར་ཡུག་ལ་འཕྲད་བཞིན་པའི་དཀའ་ངལ་ལའང་མཉམ་རུབ་ཀྱིས་གདོང་ལེན་བྱེད་དགོས།  སྐུ་ཉིད་ཀྱིས་ཁོར་ཡུག་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་སློབ་མང་པོ་སྩལ་ཡོད། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐབས་ལམ་གཞན་ཞིག་མེད། ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ཀྱང་། ངོས་རང་དུས་རྟག་ཏུ་ས་གནས་གང་འདྲ་ཞིག་ལ་བསྐྱོད་ཀྱང་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ངོས་རང་ཡང་མི་གཅིག་ཡིན་བསམ་པའི་འདུ་ཤེས་ཐོག་ནས་འགྲོ་སྐབས་གཞན་དང་ལམ་སང་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཆགས་ཐུབ་ཀྱི་འདུག  དེ་ལས་ལྡོག་སྟེ། ངོས་རང་བོད་མི་ཞིག་དང་།  ནང་པ། ཏཱ་ལའི་བླ་མ་ཡིན་བསམ་པ་ནམ་ཡང་དྲན་གྱི་མེད།  མི་སུ་འདྲ་ཞིག་དང་ཐུག་སྐབས། རང་ཉིད་དང་འདྲ་བར་མིག་གཉིས་དང་སྣ་གཅིག་ཡོད་པ་མཐོང་སྐབས་མི་གཅིག་གྱུར་གྱི་འདུ་ཤེས་སྐྱེ་བཞིན་འདུག 

མིག་གསུམ་ཡོད་པའི་མི་ཞིག་ཐུག་པ་ཡིན་ན། ཕལ་ཆེར་ཨ་ཙི་གང་འདྲ་ཡིན་ནམ་བསམ་པ་དྲན་སྲིད། ༼ ཞལ་ཤོབ་མཛད། ༽ འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་གིས་བལྟས་ཀྱང་། ང་ཚོ་ཚང་མ་དཀོན་མཆོག་གིས་བཀོད་པའི་ཕྲུ་གུ་རེད།  དཀོན་མཆོག་གཅིག་གིས་བཟོས་པ་ཤ་སྟག་རེད། དེར་བརྟེན་ཕྱོགས་དེ་ནས་ལྟ་སྐབས་ང་ཚོ་ཚང་མ་ཕ་གཅིག་པའི་སྤུན་མཆེད་ཕོ་མོ་ཆགས་ཡོད། དེར་བརྟེན་ཆོས་ཀྱི་མིང་འོག་ནས་ཕན་ཚུན་གསོད་རེས་གཏོང་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཕ་གཅིག་ལས་སྐྱེས་པ་དང་། ཕ་དེའང་བྱམས་བརྩེའི་བདག་ཉིད་ཅན་ཞིག་རེད། ང་ཚོ་ཚང་མ་ཁོང་གིས་བཀོད་པ་རེད། དེར་བརྟེན་ང་ཚོ་ཕན་ཚུན་སྤུན་མཆེད་ཕོ་མོའི་འདུ་ཤེས་ཐོག་ནས་ཉམས་མྱོང་བརྗེ་ལེན་དགོས་པ་ལས། ཕན་ཚུན་དབར་མི་འདྲ་བ་ཕྲན་ཚེགས་ཡོད་པ་དེ་དག་ལ་སྙད་ནས་འཐེན་འཁྱེར་དང་། ཐབས་སྡུག་ན་ཕན་ཚུན་གསོད་རེས་གཏང་རྒྱུ་ཟེར་བ་ནི་ཧ་ཅང་བློ་ཕམ་པའི་གནས་ཚུལ་རེད།

ངོས་ཀྱི་མངོན་འདོད་གཅིག་ནི་དམག་འཐབ་སྤོང་བའི་འཛམ་གླིང་ཞིག་སྐྲུན་པ་བརྒྱུད།  གོ་མཚོན་བྲལ་བ་ཞིག་བཟོ་རྒྱུ་དེ་རེད། གོ་མཚོན་དེ་དག་དཀོན་མཆོག་གིས་བཟོས་པ་ཞིག་མ་རེད། དེ་དག་མིའི་ཉོན་མོངས་པའི་བློ་ལ་བརྟེན་ནས་བྱུང་བ་རེད།  གལ་ཏེ་ང་ཚོས་ཁ་ཞེ་གཉིས་མེད་ཐོག་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་དང་ལེན་ཞུ་ཚེ་གོ་མཚོན་དེ་དག་དགོས་མཁོ་གང་ཡང་མེད། མི་ཚང་མ་དཀོན་མཆོག་གཅིག་གིས་བཀོད་པ་ཤ་སྟག་རེད། ཚང་མ་སྤུན་མཆེད་ཕོ་མོ་རེད།  ཕན་ཚུན་མི་འདྲ་བ་ཕྲན་བུ་ཡོད་པ་ཆོས་ཉིད་རེད།  མི་གཅིག་ལ་མཚོན་ནའང་སྔ་དགོང་གཉིས་ལ་བསམ་བློའི་ནང་བསམ་ཚུལ་མི་འདྲ་བ་སྐྱེ་ཆོག དེར་བརྟེན་མི་ཕན་ཚུན་སོ་སོ་ཡིན་སྟབས་བསམ་ཚུལ་སོགས་འདྲ་མིན་སྣ་ཚོགས་ཡོང་ཆོག

བསམ་ཚུལ་མི་མཐུན་པའི་ཐོག་ནས་དཀའ་ངལ་འཕྲད་སྐབས་ཕན་ཚུན་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས། གོ་མཚོན་སྤྱོད་ཟེར་བ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་རེད།  གནའ་རབས་སྤྱི་ཚོགས་སྐབས་རྒྱལ་ཕྲན་སིལ་མ་མང་པོ་ཡོད་སྟབས་སྐབས་རེ་ཕན་ཚུན་འཁྲུག་འཛིང་ཤོར་ནས་གོ་མཚོན་བཀོལ་སྤྱོད་བྱས་པ་དེ་འདྲ་བྱུང་ཡོད་ཀྱང་། ད་ཆ་གོ་མཚོན་སྤྱོད་ཟེར་བ་དུས་ཚོད་ཡོལ་ཟིན་པ་རེད།  དུས་རབས་ཉི་ཤུ་རྩ་གཅིག་འདི་ཞི་བདེའི་དུས་རབས་ཤིག་བཟོ་དགོས།  གོ་མཚོན་ཉོ་ཚོང་ཆེད་དངུལ་གཏང་རྒྱུ་མེད། དམག་འཐབ་སྤོང་བ་ཞིག་བྱེད་དགོས། ཕྱིའི་གོ་མཚོན་སྤང་བར་ཐོག་མར་ནང་གི་གོ་མཚོན་རྩ་མེད་བཟོ་དགོས། 

ཀ་རིམ། འདི་སྐུ་ཉིད་ཀྱིས་འཛམ་གླིང་ནང་གི་འཚེ་བའི་ལས་ལ་གདོང་ལེན་མཛད་ཕྱོགས་ཞིག་མ་རེད་དམ། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རེད། དེའི་ཐོག་ངོས་རང་མ་འཆི་བར་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན། བསྒྲུབས་དང་མ་བསྒྲུབ་ཟེར་བ་དེ་གནས་ཚུལ་ཐ་དད་རེད། འོན་ཀྱང་འབད་བརྩོན་ངེས་པར་དུ་བྱ་འོས་ཞིག་རེད་འདུག ཚེ་སྲོག་ཟེར་བ་འདི་རྩ་ཆེན་པོ་རེད།  སྤྱིར་ངོས་ཀྱི་བསམ་ཚུལ་བྱས་ན་དམག་ཟེར་བ་དེ་གནའ་སྔ་མོ་ཞིང་བྲན་ལམ་ལུགས་ཀྱི་ཤུགས་རྐྱེན་རེད་བསམ་པ་དྲན་གྱི་འདུག སྐབས་དེའི་སྤྱི་ཚོགས་ནང་མི་དྲག་དཔོན་རིགས་སམ། ཡང་ན་ཆོས་དཔོན་དེ་འདྲས་གཅིག་བསྡུས་དབང་འཛིན་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད།  དམག་རྒྱབ་ཤོག ཅེས་བཀའ་བཏང་བ་མ་གཏོགས་དམག་མི་སུ་ཡིན་རུང་སོ་སོའི་སྲོག་ལ་གཅེས་འཛིན་མེད་མཁན་ཞིག་མེད། གལ་ཏེ་དམག་མི་དེ་དག་ལ་འདམ་ཁ་སྤྲད་པ་ཡིན་ན་སྲོག་འདོར་འདོད་སུ་ལའང་མེད།  ཁ་སང་གཟུགས་མཐོང་བརྙན་འཕྲིན་ནང་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་ཉིན་མོ་སྲུང་བརྩི་ཞུས་པའི་དུས་དྲན་སྲུང་བརྩི་ཞུས་པའི་ལེ་ཚན་ཞིག་བསྟན་བྱུང་། སྐབས་དེར་མནའ་སྦྲེལ་རྒྱལ་ཁབ་ལ་རྒྱལ་ཁ་ཐོབ་པར་བརྟེན་དཔའ་བོར་ངོས་འཛིན་བྱས་པའི་དམག་མི་རྣམས་ལ་ཆེ་བསྟོད་རྒྱ་ཆེ་ཞུས་སོང་།  སྐབས་དེར་ངོས་ཀྱི་བསམ་བློའི་ནང་། དུས་སྐབས་དེར་འཇར་མན་ལ་མཚོན་ན་དམག་མི་དང་མི་སེར་དཀྱུས་མ་ཧ་ཅང་མང་པོས་དཀའ་སྡུག་ཚད་མེད་མྱངས་ཡོད། ཁོང་ཚོ་དེ་དག་ཀྱང་འགྲོ་བ་མི་རིགས་སྤུན་མཆེད་ཕོ་མོ་རེད།  ཁོང་ཚོ་ཡང་ང་ཚོས་དྲན་གསོ་བྱེད་དགོས། 

ཀ་རིམ། བཀའ་གནང་རེད།  འཛམ་གླིང་དམག་ཆེན་གཉིས་པའི་སྐབས། འཇར་མན་དང་ཡུ་རོབ་རྒྱལ་ཁབ་དབར་དམག་འཐབ་ཤུགས་ཆེ་བྱུང་ཡང་། ད་ཆ་ཚང་མ་ཡུ་རོབ་མཐུན་སྒྲིལ་ངང་འཚོ་བཞིན་ཡོད། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་བདེན་པ་རེད། ཁ་སང་བརྙན་འཕྲིན་ནང་རྒྱལ་ཁའི་མཛད་སྒོ་འཚོགས་སྐབས་མནའ་སྦྲེལ་ཚོགས་པའི་དམག་མི་འདས་གྲོངས་ཕྱིན་པ་ཁོ་ན་མ་གཏོགས་འཇར་མན་དམག་མི་གྲོངས་པ་དེ་དག་སྐོར་གང་ཡང་བཤད་མ་སོང་། ཏོག་ཙམ་ཆ་མ་ཚང་བ་རེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཡུ་རོབ་གླིང་ཆེན་ནང་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེར་ཡི་རངས་བསྔགས་བརྗོད་ཞུ་མཁན་ཞིག་ཡིན།  སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཐོག་མར་གསར་འཛུགས་གནང་མཁན་འཇར་མན་སྲིད་བློན་སྐུ་ཞབས་ཨ་ཌི་ནར་ Adenauer མཆོག་དང་། ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཅལ་སི་ཌི་གོལ་ Charles de Gaulle མཆོག་ལ་མཚོན་ན། དམག་ཆེན་གཉིས་པའི་སྐབས་འཇར་མན་དང་ཕ་རན་སི་མི་མང་ཕན་ཚུན་དགྲ་བོར་ངོས་འཛིན་བྱས་ཀྱང་། ད་ཆ་ཕན་ཚུན་འཆམ་མཐུན་ངང་གནས་ཡོད། 

རྒྱལ་ཁབ་དེ་དག་གིས་གནས་སྟངས་གསར་པ་ཞིག་གི་འོག་ནས། རྒྱལ་ཁབ་སྒེར་གྱི་ཁེ་ཕན་ལས་སྤྱི་པའི་སྒྲིག་འཛུགས་དེ་གལ་ཆེ་བ་མཐོང་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེ་བྱུང་ཐུབ་པ་རེད། སྒྲིག་འཛུགས་དེར་ངོས་ཀྱིས་དོན་དམ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་ནང་དུའང་སྒྲིག་འཛུགས་དེ་འདྲ་ཞིག་འགོ་འཛུགས་དགོས་རེད་བསམ་པ་དྲན་གྱི་འདུག
 
ཀ་རིམ། དེ་འདྲ་ཞིག་ཡོང་བར་ང་ཚོ་དཀྱིལ་ཤར་ཡུལ་གྲུའི་ནང་དུའང་ཡོ་རོབ་ཀྱི་ལྟ་གྲུབ་དང་རིན་ཐང་དེ་དག་དགོས། ང་ཚོས་བསལ་བློ་གཏིང་ཟབ་ཞིག་གཏོང་དགོས། ཆོས་ལུགས་འཐེན་འཁྱེར་དང་། མཐར་ལྷུང་ཀྱི་བསམ་ཚུལ་དེ་དག་དོར་དགོས།  སྐུ་ཉིད་ནས་དེ་སྔ་དང་མི་འདྲ་བར་འཛམ་གླིང་ཇེ་བཟང་དུ་ཕྱིན་ཡོད་པ་བཀའ་སྩལ་ཡོད། ད་ལྟའི་འཛམ་གླིང་ནང་རྙོག་གྲ་འདི་ལྟ་བུ་ཞིག་ཡོད་བཞིན་དུ་འཛམ་གླིང་སྔར་བས་བཟང་དུ་ཕྱིན་སྐོར་ཇི་ལྟར་གསུང་ཐུབ་བམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་ངལ་དེ་དག་ཡོད་པར་བརྟེན་དཀའ་ངལ་ལས་རྣམ་པར་རྒྱལ་རྒྱུའི་ཆོད་སེམས་བརྟན་པོ་དགོས། དཀའ་ངལ་གང་ཡང་མེད་པར་སྤྱིར་བཏང་ཡིན་ན་ལྷོད་ལྷོད་བྱས་ནས་བསྡད་ན་འགྲིག་པ་རེད། མི་ཚང་མར་སོ་སོའི་སྲོག་དེ་རྩ་ཆེན་པོ་རེད། མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་འདོད། གོ་ལའི་ཚ་དྲོད་རྒྱས་བཞིན་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད། ཚན་རིག་པ་ཁག་གཅིག་གིས་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་འགའ་ཤས་རྗེས་འཛམ་གླིང་བྱེ་སར་འགྱུར་རྒྱུའི་སྔོན་བརྡ་བཏང་ཡོད། འགྲོ་བ་མི་རྣམས་འཛམ་གླིང་གི་སྲོག་ཆགས་སྟོང་རྒྱུའི་གནས་སྟངས་ཕྱོགས་སུ་འགྲོ་བཞིན་འདུག་བསམ་པ་དྲན་གྱི་འདུག དེར་བརྟེན་ཇི་སྲིད་འཚོ་བའི་རིང་དེར་ཕན་ཚུན་འཆམ་མཐུན་བྱས་ནས་བདེ་སྐྱིད་ངང་འཚོ་ཐུབ་ཚེ་དགེ་མཚན་ཆེ། ད་ཆ་ང་ཚོས་རྣམ་དཔྱོད་ཀྱི་རྗེས་སུ་འབྲང་དགོས་པ་ལས་སེམས་ཚོར་ཙམ་གྱི་རྗེས་སུ་འབྲང་རྒྱུ་མི་འདུག 

ཀ་རིམ། སྐུ་ཉིད་ཀྱིས་འཆམ་མཐུན་དང་བདེ་སྐྱིད་སྐོར་གསུངས་པ་རེད། བདེ་སྐྱིད་ཇི་ལྟར་སྐྲུན་ཐུབ་བམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  དཔེ་མཚོན་ཧ་ཅང་སྟབས་བདེ་ཞིག་བཞག་ན། ད་ལྟ་འདིར་ངོས་གཉིས་ཕན་ཚུན་ཀུན་སློང་རྣམ་པར་དག་པ་ཞིག་ཐོག་ནས། ཕན་ཚུན་བཅོས་མིན་འཛམ་གྱིས་བསུས་ནས་སྐད་ཆ་ཤོད་སྐབས་སེམས་ནང་བདེ་སྐྱིད་ཡོང་གི་འདུག དེ་ལས་ལྡོག་སྟེ་གལ་ཏེ་ངོས་ཀྱིས་ངོ་གདོང་ནག་པོ་བྱས་ནས་བསྡད་པ་ཡིན་ན་ཚང་མས་ཡི་མ་རངས་པ་ཆགས་རྒྱུ་རེད།

ཀ་རིམ། བདེ་སྐྱིད་དེ་འཛུམ་མདངས་ཐོག་ནས་ཡོང་དགོས་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་ག་རང་རེད། འོན་ཀྱང་བཅོས་མིན་གྱི་འཛུམ་མདངས་ཐོག་ནས་ཡོང་ཐུབ།  འཕྱ་སྨོད་ཀྱི་འཛུམས་མིན་པར་དོན་དམ་གྱི་འཛུམ་མདངས་དགོས། དེ་བྱུང་ན་ཡིད་ཆེས་སླེབས། ཡིད་ཆེས་བྱུང་ན་འཆམ་མཐུན་ཡོང་ཐུབ།  འཆམ་མཐུན་གྱི་རྨང་གཞི་ཡིད་ཆེས་རེད།

ཀ་རིམ། སྤྱི་ཚོགས་ནང་ཟོག་རྫུ་འཁྲབ་མཁན་མང་པོ་ཡོད། བཅོས་མིན་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་བདེན་པ་རེད། 

ཀ་རིམ།  ད་ལྟའི་སྤྱི་ཚོགས་ནང་བདེ་སྐྱིད་གོང་འཕེལ་ཇི་ལྟར་གཏོང་ཐུབ། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  ཤེས་ཡོན་ཐོག་ནས་ཡོང་ཐུབ། ང་ཚོས་བྱིས་པ་ཆུང་དུས་སྔོན་འགྲོའི་སློབ་གྲྭའི་སྐབས་ནས་ལུས་པོའི་བདེ་ཐང་ཐད་འགན་ཁུར་བྱས་པ་ལྟར། བྱིས་པའི་སེམས་ཁམས་འཕྲོད་བསྟེན་ཐད་ལའང་ང་ཚོས་ངེས་པར་དོ་སྣང་བྱེད་དགོས་འདུག དེང་དུས་ཤེས་ཡོན་ཁོ་ནའི་ཐོག་ནས་ཕྱིན་པ་ཡིན་ན་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ནར་གཙིགས་ཆེར་འཛིན་ནས་འགྲོ་བ་རེད།  དེ་ལས་གཏིང་ཟབ་ཏུ་བཤད་ན།  ཕྱི་དངོས་པོའི་འཛུགས་སྐྲུན་ཟེར་བ་དེ་གཙོ་ཆེར་མིག་སོགས་དབང་པོ་ལྔ་ལ་བརྟེན་ནས་ཕྱི་རོལ་གཟུགས་སྒྲ་དྲི་རོ། རེག་བྱ་བཅས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་ལ་གོ་བ་མ་གཏོགས།  ཡིད་བློར་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད། ཆགས་སྡང་གི་བློ་དེ་དག་ཡིད་བློར་བརྟེན་ནས་སྐྱེས་པ་ཡིན་སྟབས། གཉེན་པོའི་བློ་དེའང་ཡིད་བློར་བརྟེན་ནས་སྐྱེ་དགོས་པ་རེད།  དབང་ཤེས་ལ་བརྟེན་ནས་སྐྱེ་མི་ཐུབ།  དེང་དུས་ཕྱི་དངོས་པོའི་འཛུགས་སྐྲུན་གཙིགས་ཆེར་འཛིན་པའི་ནུབ་ཕྱོགས་ཤེས་ཡོན་ལམ་སྲོལ་དེ་ཡིད་ཀྱི་ཤེས་པའི་སྐོར་གང་ཡང་ཤེས་ཀྱི་མེད། ནང་གི་ཆགས་སྡང་ལ་གཉེན་པོ་ཇི་ལྟར་བསྟེན་དགོས་མིན་ཐད་དོ་སྣང་གང་ཡང་མེད། 

དེང་སྐབས་ཤེས་ཡོན་ལམ་ལུགས་ནང་ཕྱི་དབང་ཤེས་ཙམ་མིན་པར་ནང་གི་ཡིད་བློའི་སྐོར་དོ་སྣང་བྱེད་དགོས།  དེར་བརྟེན་ང་ཚོས་སྔོན་འགྲོའི་སློབ་གྲྭའི་སྐབས་ནས་བཟུང་ཡིད་བློའི་འགྲོ་སྟངས་དང་ཆགས་སྡང་སོགས་ལ་གཉེན་པོ་བསྟེན་ཕྱོགས་སྐོར་སློབ་འཁྲིད་བྱེད་དགོས། ཆོས་ཀྱི་སྐད་ཆ་གང་ཡང་མིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་འགྲོ་དགོས།

ཀ་རིམ། དཀྱིལ་ཤར་ཡུལ་གྲུ་སྤྱི་དང་། ལྷག་པར་ལེ་བྷེ་ནོན་ལ་བཀའ་སློབ་མཐའ་མ་ཞིག་གནང་རོགས། གང་ཡིན་བརྗོད་ན་ང་ཚོས་སྐུ་ཉིད་སྐོར་གནས་ཚུལ་མང་ཙམ་ཤེས་འདོད་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  བརྒྱུད་ལམ་འདི་བརྒྱུད་ཁྱེད་རྣམ་པར་ངོས་ཀྱིས་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཆེ་མཐོང་ཐོབ་པ་ཞིག་བྱུང་། ཤར་ཨེ་ཤི་དང་དཀྱིར་ཤར་མངའ་ཁུལ། དེ་བཞིན་ནུབ་ཕྱོགས་ས་ཁུལ།  ཨ་ཕི་རི་ཀ་དང་། ལྷོ་བྱང་ཨ་མི་རི་ཀ་བཅས་ས་གནས་སོ་སོ་རེད། ས་བབ་ཆགས་ཚུལ་དང་གནམ་གཤིས་ཀྱང་མི་འདྲ་བ་རེད། འོན་ཀྱང་ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད། ལོ་ངོ་བརྒྱ་ཕྲག་རིང་ནས་ས་ཁུལ་འདྲ་མིན་ནང་གི་མི་མང་ཚོས་སོ་སོའི་ས་གནས་ནང་བདེ་སྐྱིད་སྐྲུན་རྒྱུའི་ཐད་འབད་བརྩོན་ཡོད་དགུ་རྩལ་སྤྲུག་བྱས་ཡོད།
ད་ཆ་དེང་རབས་སྤྱི་ཚོགས་ནང་ང་ཚོས་གོ་ལ་སྤྱིའི་བདེ་ཐབས་ལ་བསམ་བློ་གཏོང་དགོས། གོ་ལ་འདི་ནི་ང་ཚོ་ཚང་མའི་སྡོད་ཁང་གཅིག་ཁོ་ན་ཡོད་པ་དེ་རེད། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་ཞིང་།  ང་ཚོ་ཚང་མ་སྤུན་མཆེད་ཕོ་མོ་རེད། གནས་སྟངས་འདི་དངོས་ཡོད་དགོས་མཁོ་དང་འཚམས་པ་ཞིག་རེད་བསམ་པ་དྲན་གྱི་འདུག  གནའ་སྔ་མོའི་སྤྱི་ཚོགས་ཡིན་ན།  རྒྱལ་ཁབ་ཕན་ཚུན་དང་། གླིང་ཆེན་ཕན་ཚུན་འཚོ་བ་རང་སྐྱོང་ལས་གཅིག་གིས་གཅིག་ལ་བསྟུན་མི་དགོས་པ་ལྟ་བུ་ཡིན་སྟབས།  དེའི་ཐོག་ནས་ཕན་ཚུན་འཐབ་འཛིང་བྱས་ནས་གསོད་རེས་བཏང་བ་དེར་རྒྱུ་མཚན་ཕྲན་བུ་ཡོད་ཁུལ་དུ་བཏང་ཡང་།  ད་ཆ་འཛམ་གླིང་གི་གནས་སྟངས་ཡོངས་རྫོགས་འགྱུར་བ་ཕྱིན་ཚར་བ་རེད།

ད་ཆ་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རིག་གཞུང་དང་ཆོས་ལུགས། སྐད་ཡིག་འདྲ་མིན་ཡོད་པ་དེ་དག་སྒེར་གྱི་གནད་དོན་རེད།  གཙོ་ཆེར་ང་ཚོ་ཚང་མ་མི་ཚེ་བདེ་སྐྱིད་ལྡན་པ་འདོད་མཁན་འགྲོ་བ་མི་རིགས་གཅིག་གྱུར་རེད། ངོས་ཀྱིས་ཉམས་ལེན་ཡང་དེ་རང་བྱེད་ཀྱི་ཡོད། ཧ་ཅང་ཕན་ཐོགས་འདུག འདུ་ཤེས་དེའི་ཐོག་ནས་ཁྱེད་རྣམ་པར་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཞེས་སོགས་བཀའ་ལན་སྩལ།

(བོད་མིའི་སྒྲིག་འཛུགས་དྲ་བས་བོད་བསྒྱུར་ཞུས།)