མ་ནཱ་ལིར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་དབུ་འཛུགས་མཛད་པ།

མདུན་ངོས། / མ་ནཱ་ལིར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་ཁོངས་མ་ན་ལི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འོན་མངའ་རིས་དགོན་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མ་ན་ལི་གྲོང་སྡེ་ལྷན་ཚོགས་ཀྱི་སྣུམ་འཁོར་འབབ་ཚུགས་ཐང་ཆེན་དུ་བོད་མི་དང་། ས་གནས་ཀྱི་ནང་པའི་རྗེས་འཇུག་གི་ཡུལ་མི། ཕྱི་ནང་གི་དད་ལྡན་སེར་སྐྱ་ཁྱོན་ཆོས་ཞུ་བ་མི་གྲངས་ ༥༠༠༠ ལྷག་ཙམ་ལ་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་དངོས་གཞི་དབུ་འཛུགས་བསྐྱངས་ཡོད་པ་དང་།  

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འོན་མངའ་རིས་གྲྭ་ཚང་གི་གཟིམ་ཆུང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན།  ཀུ་ལུ་མ་ནཱ་ལིར་ཡོད་པའི་འོན་མངའ་རིས་གྲྭ་ཚང་འདི་ཉིད་འགོ་སྟོད་ལ་དགོན་པ་ཞིག་ཡོད་པ་དེ་ངོས་ཀྱིས་དགེ་ལུགས་མ་དགོན་ལ་སྤྲད་ན་ཞེས་བརྗོད་རྒྱུ་བྱུང་། ཕྱིས་སུ་རིན་པོ་ཆེས་འདིར་མངའ་རིས་གྲྭ་ཚང་ཞིག་འཛུགས་ཐུབ་ན་ཞེས་པར་ཏག་ཏག་རེད། དྭགས་པོ་གྲྭ་ཚང་ཁུལ་འདིར་ཡོད་པ་རེད། འདིར་མངའ་རིས་གྲྭ་ཚང་ཞིག་བཙུགས་ན་ཞེས་སྐད་ཆ་བྱུང་བ་རེད། རིན་པོ་ཆེས་འཁུར་ཆེན་པོ་བཞེས་ཏེ་ཁྱེད་རང་ཚོས་གཞུང་ཆེན་ལྟ་རྒྱུ་ཞིག་ཆགས་ཡོད། ཧ་ཅང་ཡག་པོ་རེད། སྤྱིར་མངའ་དྭགས་རྒྱལ་གསུམ་དང་དེའི་ནང་ནས་འོན་མངའ་རིས་གྲྭ་ཚང་འདི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མཆོག་བོད་དབུས་སུ་བཞུགས་པའི་སྐབས་མངའ་རིས་ཕྱོགས་ནས་གྲྭ་རྒྱུན་གང་ཙམ་ཞིག་ཡོང་བ་རྣམས་ཀྱི་ཆེད་རྒྱལ་དབང་དགེ་འདུན་རྒྱ་མཚོས་འོན་ལ་མངའ་རིས་གྲྭ་ཚང་ཞེས་པ་འདི་བཙུགས་པ་རེད། དེར་བརྟེན། ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ཞིག་རེད་འདུག ནམ་རྒྱུན་མངའ་དྭགས་རྒྱལ་གསུམ་གྱི་དབྱར་གནས་ཆོས་འཁོར་རྒྱལ་དུ་ཚོགས་ཀྱི་ཡོད།  ཆོས་འཁོར་རྒྱལ་བ་ཚོས་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་ནང་བཞིན་སྔགས་ཕྱོགས་མ་གཏོགས་གཞུང་ཆེན་བལྟ་རྒྱུ་གང་ཡང་མེད། མངའ་རིས་དང་དྭགས་པོ་གྲྭ་ཚང་གཉིས་གཞུང་ཆེན་བལྟས་པ་དེ་ལྟར་རེད། ངོས་རང་བྱེས་ཀྱི་དྭགས་པོ་གྲྭ་ཚང་དུ་གནའ་སྔ་མོ་སླེབས་པ་རེད། ཡག་ཐག་ཆོད་རེད། ད་རེས་འདིར་བྱེས་ཀྱི་མངའ་རིས་གྲྭ་ཚང་དུ་ཆེད་མངགས་སླེབས་པར་ཧ་ཅང་ཡག་པོ་བྱུང་། ཀུ་ལུ་མ་ནཱ་ལི་ས་གནས་སུ་ནང་ཆོས་ལ་དོ་སྣང་ཡོད་མཁན་གང་ཙམ་ཡོད་པ་རེད། དེ་བཞིན་བོད་རིགས་གང་ཙམ་ཡོད་པ་རེད། གཞན་ཡང་། གར་ཞ་དང་ཁུ་ནུ་ཁུལ་གྱི་ཡུལ་པ་མང་ཆེ་བ་ནང་པ་ཆགས་ཡོད། ཅེས་འོན་མངའ་རིས་གྲྭ་ཚང་གི་འདས་པའི་གནས་ཚུལ་སྐོར་ལ་བཀའ་སློབ་སྩལ་བ་དང་། 

དེ་ནས་ཆོས་ལ་དད་པ་བྱེད་མིན་དང་། དད་པ་ཇི་ལྟར་བྱེད་དགོས་པ། དད་ཡུལ་ཆོས་ལུགས་ཇི་ལྟར་འདེམས་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་དོན།  ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཟེར་གྱི་ཡོད། སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མིན་སོ་སོའི་ཁམས་དང་མོས་པར་འཚམ་དང་མ་འཚམ་ཐོག་ནས་བསམ་བློ་གཏོང་དགོས་རེད་མ་གཏོགས། འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་ཚོར་ཆོས་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་རྩ་བ་ནས་ཟེར་གྱི་མེད། དཔེར་ན། ནད་པ་ཞིག་ལ་སྨན་སྤྲོད་དགོས་བྱུང་ན། སྨན་ཞིག་ཡར་བླངས་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། ནད་པའི་ན་ཚའི་བབ་དང་ལོ་སོགས་མང་པོ་ཞིག་ལ་བལྟས་ནས་ཁྱོད་རང་ལ་སྨན་འདི་ཡག་ཤོས་རེད་ཅེས་ཟེར་གྱི་རེད། དཔེ་དེ་ལྟར་དུ་ཆོས་ལུགས་མེད་མཁན་ཚོ་སོ་སོའི་རང་དབང་རེད། དེ་བཞིན་ཆོས་ལུགས་ཡོད་མཁན་ཚོ་ཆོས་གང་འདྲ་བྱེད་མིན་སོ་སོའི་ཁམས་དང་མོས་པར་རན་པ་ཞིག་བྱུང་ན་ཡག་ཤོས་ཆགས་ཀྱི་ཡོད། དེ་ནས་སོ་སོའི་ཁམས་དང་མོས་པར་རན་པ་ཞིག་བྱུང་ན། སེམས་ལ་ཕན་གྱི་རེད། མ་རན་ན་སེམས་ལ་ཕན་གྱི་མ་རེད། དེར་བརྟེན། སོ་སོའི་མོས་པ་དང་འཚམ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་།

གཞན་ཡང་། ཆོས་འཆད་པ་པོ་དང་ཉན་པ་པོ་ཕྱོགས་གཉིས་ཆ་ནས་ཀུན་སློང་རྣམ་པར་དག་པ་ཡིན་དགོས་པའི་སྐོར་ལ་བཀའ་སྩལ་དོན།  དེ་རིང་འདིར་ང་ཚོ་ཆོས་འཆད་ཉན་བྱེད་ཀྱི་ཡོད་པ་རེད། ཀུན་སློང་རྣམ་པར་དག་པ་ཞིག་དགོས་ཀྱི་ཡོད། འཆད་པ་པོའི་ངོས་ནས་ཀྱང་བསམ་པ་རྣམ་པར་དག་པའི་ཐོག་ནས་བཤད་རྒྱུ་དང་། དེ་བཞིན་ཉན་པ་པོའི་ངོས་ནས་ཀྱང་བསམ་པ་རྣམ་པར་དག་པའི་ཐོག་ནས་ཉན་རྒྱུ་མེད་ན་ཆོས་ཆོས་སུ་འགྲོ་རྒྱུའི་ཚབ་ལ་སྡིག་པའི་རྒྱུར་འགྲོ་ཉེན་ཡོད། དཔེར་ན། བླ་མའི་ངོས་ནས་ཆོས་འཆད་དུས་ང་རྒྱལ་དང་ཕྲག་དོག འགྲན་སེམས། དེ་བཞིན་དངོས་པོ་དོན་དུ་གཉེར་བའི་ཐོག་ནས་ཆོས་འཆད་པ་ཡིན་ན། བླ་མར་ཆ་བཞག་ནའང་འཆད་རྒྱུ་ཆོས་ཡིན་ནའང་སྡིག་པ་ཡོང་རྒྱུའི་ཉེན་ཁ་ཡོད། ཆོས་ཉན་པ་པོའི་ངོས་ནས་ཀྱང་། དཔེར་ན། ངས་༸རྒྱལ་བ་རིན་པོ་ཆེའི་སར་ནས་ཆོས་ཞུས་པ་ཡིན་ཞེས་འབུལ་བ་དོན་དུ་གཉེར་བ་དང་། མིང་དོན་དུ་གཉེར་ནས་ཆོས་འཆད་རྒྱུ་ལྟ་བུའི་ཀུན་སློང་ཐོག་ནས་ཉན་པ་ཡིན་ནའང་ནོར་འཁྲུལ་རེད། དེར་བརྟེན། ཆོས་འཆད་པ་པོའི་ངོས་ནས་ཡིན་ནའང་རེད། ཉན་པ་པོའི་ངོས་ནས་ཡིན་ནའང་རེད། གང་ལྟར་ཆོས་ཆོས་སུ་སོང་བ་ཞིག་དགོས་ཀྱི་ཡོད། 

སྐྱབས་འགྲོ་རྣམ་པར་དག་པ་ཞིག་གིས་བརྩིས་ཟིན་པ་བྱུང་ན་ཆོས་ཆོས་སུ་འགྲོ་བ་རེད། འདིའི་ཐོག་ཐེག་ཆེན་གྱི་ཚོས་སུ་འགྲོ་བར་སེམས་བསྐྱེད་ཀྱིས་ཟིན་པ་དགོས། ང་ཚོས་ནམ་རྒྱུན་སངས་རྒྱས་ཆོས་ཚོགས་མ་བཏོན་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང་། སྐྱབས་སུ་འགྲོ་བའི་དགོས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི་ཞེས་གསུངས་པ་ནང་བཞིན་དང་། གང་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དུས་ད་ནས་བཟུང་ཕན་བདེ་འབའ་ཞིག་བསྒྲུབ་བསམ་པ་སྤྱོད་འཇུག་ནང་གསུང་པ་ནང་བཞིན་རེད། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱག་རྒྱུ་འདི་རེད། དེ་ལྟ་བུའི་ཐོག་ནས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་བདེ་བ་དང་། ཕུགས་ལ་ཕན་པ་ཞིག་ཡོང་སླད་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྒྱལ་བའི་ས་ལ་འགྲོ་རྒྱུ་དང་། རང་ཡིན་ནའང་རྣམ་མཁྱེན་རྒྱལ་བའི་ས་ལ་འགྲོ་རྒྱུའི་དབང་དུ་བྱས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གང་ཐུབ་འདོད་དོན་ཡིད་བཞིན་དུ་བསྒྲུབ་པ་ཞིག་བྱེད་ཀྱི་བསམ་པའི་ཀུན་སློང་དང་གསོལ་བ་བཏབ་ནས་སངས་རྒྱས་ཆོས་ཚོགས་མ་ཐེངས་གསུམ་མཉམ་དུ་ཐོན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་འབྲེལ་ཉིན་དང་པོའི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།  

སང་ཉིན་ནས་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་སྩལ་རྒྱུ་ཡིན་པ་རེད།