ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

མདུན་ངོས། / ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩  ཚེས་ ༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པོར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༨༥༠ ཡིས་གཙོས་རྒྱལ་ཁབ་ཁག་ ༦༩ ནས་ཕེབས་པའི་སེར་སྐྱ་མི་གྲངས་ ༦༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་འཕྲོ་སྐྱོང་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གསུམ་རྣམ་གསུམ་གྱི་བཀའ་ཁྲིད། དེ་བཞིན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་དང་གཟུངས་སྔགས་ཁག་ཅིག་གི་ལུང་བཅས་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་ཆུ་ཚོད་ ༨།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཚོས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། པ་ལའི་སྐད་ཐོག་དཀོན་མཆོག་རྗེས་དྲན་གྱི་མདོ་གསུངས་འདོན་གནང་བ་དང་། དེ་ནས་ཨིན་ཌོ་ནེ་ཤི་ཡའི་དགེ་འདུན་པ་དང་བཙུན་མ། དགེ་བསྙེན་སོགས་ཁག་ཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།། སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག། བསྐལ་བ་བྱེ་བ་བསམ་ཡས་སུ།། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། ཅེས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན། 

དེ་རིང་ཉིན་ཐ་མ་རེད། ངོས་ཀྱིས་མཇུག་ཏུ་དགེ་བ་སེམས་བསྐྱེད་དང་། དེའི་སྔོན་ལ་ལམ་གཙོ་བཤད་དགོས་བསམ་བྱུང་། རྒྱུ་མཚན་ནི་ཀླུ་སྒྲུབ་གྱི་གསུང་རྣམས་ཧ་ཅང་གཞི་རྒྱ་ཆེན་པོ་བྱས་ནས་གསུངས་ཡོད་པས་དེ་ལག་ལེན་ལ་སྒྲིལ་ཡོང་སྐབས། རྡོག་སྒྲིལ་བོ་ནི་བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་རྗེ་ལྷ་ཆེན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཕེབས་ནས་ལམ་སྒྲོན་མཛད་པ་རེད། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ།། གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།། ཞེས་གསུངས་འདུག བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པའི་ནང་དོན་སྙིང་པོ་ཚུར་བསྡུས་ཡོང་ན་ཕྱི་མ་མངོན་མཐོ་སྒྲུབ་པ་དང་། ངེས་ལེགས་སྒྲུབ་པ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་སྟེ་དོན་ཚན་གསུམ་རེད། དེ་ལ་སྐྱེས་བུ་ཆུང་བུའི་ལམ་རིམ། སྐྱེས་བུ་འབྲིང་གི་ལམ་རིམ། སྐྱེས་བུ་ཆེན་པོའི་ལམ་རིམ་ཞེས་གོ་རིམ་སྒྲིག་ནས་གསུངས་འདུག  ང་རང་ཚོ་ལྟ་བུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་གྱིས་སྐྱེས་བུ་ཆུང་བུ་དང་ཐུན་མོང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བ། སྐྱེས་བུ་ཆེན་པོའི་ལམ་རིམ་ཞེས་འགྲོ་སྟངས་ཤིག་རེད། 

བཀའ་གདམས་གོང་མ་ཚོར་ཁྲིད་ཚུལ་མ་འདྲ་བ་ཡོད་པ་རེད།  རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ། ལམ་རིམ་འབྲིང་། ལམ་རིམ་ཆུང་ངུའམ་སྨོན་ལམ་གྱི་ཚུལ་དུ་མཛད་པའི་ལམ་རིམ་བསྡུས་དོན་བཅས་མཛད་ཡོད་པ་རེད། རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པར་འགྲེལ་སྟངས་ཤིག་གིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གསུངས་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ཟེར་བ་འདི་ཉུང་ཉུང་དང་། ཉིན་རེ་བཞིན་དུ་མར་ཤར་སྒོམ་བྱེད་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། དེར་བརྟེན། འདི་བཤད་དགོས་དྲན་པ་ཡིན། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་འཕྲོ་སྐྱོང་གིས་ཆུ་ཚོད་༩།༥༠ ཙམ་ལ་ཡོངས་སུ་གྲུབ་རྗེས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གསུངས་བྱིན་རླབས་ཅན་རེད། ཅེས་དང་། 

ཁ་སང་དང་ཁ་ཉིན་ནང་ཆོས་ངོ་སྤྲོད་བྱས་པ་རེད། གློ་བུར་དུ་ཉམས་ལེན་བྱེད་སྟངས་ཚོད་མ་ཐིག་ལྟ་བུ་ཡོང་རྒྱུ་འདུག རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་དུ་གསལ་བའི་ལམ་གཙོ་ནི་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གསུངས་པ་གསལ་གྱི་འདུག་པ་འདི་ནི་ཉུང་ཉུང་དང་། དོན་དག་ཧ་ཅང་འདུས་ཆེན་པོ་རེད།  ཁོ་བོས་སྨྲས་པའི་རྗེས་སུ་བཞུགས་ཤིག་དང༌།། ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན།། མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།། བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ།། ཞེས་ཚོ་ཁོ་ངག་དབང་གྲགས་པ་ལ་ང་དང་མཉམ་དུ་ཚོགས་བསགས་སྒྲིབ་སྦྱང་བྱོས་དང་། མ་འོངས་པར་ང་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ལ་འཁོར་གྱི་ཐོག་མར་གཟུང་གི་ཡིན་ཞེས་ནང་ཚགས་སུ་གསུངས་འདུག ཁོང་ནི་ཤར་རྒྱལ་མོ་རོང་གི་ས་ཁུལ་ནས་རྗེ་རིན་པོ་ཆེའི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་མཁན་ཞིག་ཡིན་པ་རེད།  ཅེས་སོགས་བཤེས་གཉེན་བསྟེན་ཚུལ་གལ་ཆེ་བ་དང་། དོལ་རྒྱལ་གྱི་སྐོར་ནས་བླང་དོར་བཀའ་སློབ་སྩལ་ཏེ་ལམ་གཙོའི་བཤད་ལུང་ཡོངས་སུ་གྲུབ་རྗེས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་སྩལ། 

གཞན་ཡང་། ཁ་སང་ཁྱོད་ཚོ་འདིར་ཡོང་དུས་གནོད་པ་མིན་ནམ་ལྟ་བུ་དང་། བར་ཆད་གཏོང་མཁན་མེད་དམ་ལྟ་བུའི་རྣམ་རྟོག་ཡོད་ནའང་དེ་རིང་ནས་བཟུང་དེ་ལྟ་བུའི་བར་ཆད་བྱེད་མཁན་དང་། གནོད་པ་གཏོང་མཁན་རྣམས་སྙིང་རྗེ་བའི་ཡུལ་ལ་བསྟེན་ནས་སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར་ཞེས་མཉམ་དུ་སྡོད་པ་ཞིག་དགོས། མཁྱེན་སོང་ངམ། གནོད་པ་བཟློག་ཐབས་ཡག་ཤོས་དེ་རེད། དེ་མིན་རང་གཅེས་འཛིན་གྱི་བསམ་བློས་ང་ལ་གནོད་ཀྱི་རེད་བསམ་ནས་ལྷ་དྲག་པོ་ཞིག་གི་སྔགས་བགྲངས་པ་ཡིན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་མེད་མི་ཤེས།  གནོད་བྱེད་མཁན་རྣམས་རང་གཅེས་འཛིན་གྱི་གཞན་དབང་དུ་ཕྱིན་པ་དང་། བདེན་འཛིན་གྱི་གཞན་དབང་ལ་ཕྱིན་ནས་གནོད་ཡོང་གི་ཡོད་པ་རེད། སྙིང་རྗེ་བའི་ཡུལ་རེད། དེར་བརྟེན། དེ་ལྟ་བུའི་གནོད་བྱེད་ལ་དམིགས་ནས་སྙིང་རྗེ་སྒོམ་རྒྱུ་མ་གཏོགས་གནོད་བྱེད་ཀྱིས་ང་ལ་གནོད་ཀྱི་རེད་བསམ་པའི་འཇིགས་སྣང་དང་དངངས་སྐྲག་བྱེད་དགོས་པ་ཁྱོན་ནས་ཡོད་པ་མ་རེད། མཁྱེན་སོང་ངམ། ཞེས་བཀའ་སློབ་སྩལ་རྗེས་ཐུབ་པའི་མཚན་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལུང་སྩལ་རྗེས་བཀའ་ཕེབས་དོན། 

ཁྱོད་རང་ཚོ་ནད་དང་ན་ཚ་ཡོད་མཁན་ཡོད་ན་སྒྲོལ་མའི་གཟུངས་སྔགས་བགྲངས་ཚེ་ཕྲན་བུ་ཕན་ཐོགས་ཡོང་གི་རེད། ཁྱོད་རང་ཚོ་རང་ཉིད་དང་ཕྲུ་གུ་ཚོར་ཨ་ར་པཱ་ཙ་ཡག་པོ་བགྲངས་བཅུག་དང་རིག་པ་ཡག་རུ་འགྲོ་བར་ཧ་ཅང་ཕན་ཐོགས་ཡོད་པ་རེད། དེ་བཞིན་སེམས་རྒྱུད་འདུལ་བ་དང་སེམས་ལྷོད་ལྷོད་བྱེད་པ། དེ་བཞིན་ཁོང་ཁྲོ་ཟ་བའི་སྐབས་སུ་མ་ཎི་བགྲོངས་དང་སེམས་ལྷོད་དུ་འགྲོ་གི་རེད། མཁྱེན་སོང་ངམ། ད་ཐེངས་འདིའི་ཆོས་འབྲེལ་ལེགས་པར་ཟིན་པ་ཡིན། ལོ་རྗེས་མར་སྒུག ཅེས་བཀའ་སློབ་སྩལ་དང་བསྔོ་བ་མཛད་རྗེས་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་སྐུ་པར་ལྷན་སྒྲོན་མཛད་དེ་ཐེངས་འདིའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།